རྒྱལ་ཐང་གི་གནས་རི་དང་གངས་རིའི་སྐོར།

རྩོམ་པ་པོ།   བསམ་འགྲུབ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


     རྒྱལ་ཐང་ཡུལ་ལུང་སྤྱིའི་གཞི་བདག་པད་མ་མགོ་དཀྲིས་ཟེར་བའི་བྲག་རི་ཁྱད་མཚར་ཅན་ཞིག་ཡོད་པ་འདི་ལ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་བསངས་མཆོད་ཅིག་ཀྱང་ཡོད། རོང་བ་ཡུལ་སྤྱིའི་གཞི་བདག་སྤང་ཆུང་གནས་རི། རྨ་ལོའི་ཡུལ་གྱི་ཁྲི་ཐོག་གནས་རི་འདི་ནི་བྲག་ཕུག་སྦུག་ཐག་ཤིན་ཏུ་རིང་བོ་དང་རང་བྱོན་མང་བོ་ཡོད། གཏེར་མ་རོང་གོང་གསུམ་གནས་ཞེས་པ་དེར་ཇོ་ཆེན་ཇོ་ཆུང་ཞེས་གྲགས་པའི་བྲག་རི་བལྟ་ན་སྡུག་པ་ཁག་ལ་སྟག་སེང་ཁྱུང་འབྲུག་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མང་བོར་མཇལ་རྒྱུ་ཡོད། གཏེར་མ་རོང་གི་གཞི་བདག་བྲག་སྤུན་ཟེར་བ་ཆུ་ཆེན་གཤོང་ཆུའི་དཀྱིལ་དུ་རང་བྱུང་གི་བྲག་རི་མཛེས་བརྗིད་ཅན་ཞིག་ཡོད། གཏེར་མ་རོང་གི་ཁུལ་འབར་ལ་ཡུལ་གྱི་གཞི་བདག་འབར་ལ་དཀར་འཛོམས་ཞེས་པ་དབྱར་དགུན་མེད་པར་སྲིད་པའི་གངས་རྒན་གྱིས་གཡོགས་པ་ཤེལ་དཀར་གྱི་རི་བོ་གནམ་ལ་བསྙེག་ལྟ་བུ་མཐོ་ཞིང་བརྗིད་ཆགས་པ་ཞིག་ཡོད། གངས་རི་འདི་ཕྱོགས་ཕན་ཚུན་ཉིན་ལམ་མང་བོའི་ས་ནས་བལྟས་ཀྱང་ཉེ་གམ་དུ་ཡོད་པ་བཞིན་མཐོང་ཐུབ། གངས་རི་འདི་དང་རྒྱལ་ཐང་གི་ལྷོ་ཕྱོགས་འཇང་ཡུལ་གྱི་གཞི་བདག་ཧ་པ་ཁ་རི་ཟེར་བ་སྲིད་པའི་གངས་རྒན་གྱིས་གཡོགས་པའི་གངས་རི་ཤིན་ཏུ་མཐོ་ཞིང་བརྗིད་རྔམས་ཅན་འདི་གཉིས་ནི་རྒྱལ་ཐང་ལུང་བའི་ནང་གི་གངས་རི་མཐོ་ཤོས་སུ་གྲགས། རྒྱལ་ཐང་དགོན་པའི་བླ་རི་གཞི་བདག་མཁར་རི་ཞེས་པ་འདི་ནི་དགོན་སྡེའི་གཡོན་ཕྱོགས་རྒྱང་གྲགས་གཅིག་ལྷག་ཙམ་གྱི་སར་སྤང་དང་རྫ་རི་འདྲེས་མའི་ས་འཛིན་ལ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་སྤྲས་ཤིང་རི་སྣེ་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་བརྐྱངས་པ་གླང་བོ་ཆེ་གཡུལ་དུ་ཆས་པ་ལྟ་བུ་ངོ་མཚར་དང་ལྡན་པ་ཞིག་ཡོད། འདི་ལ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་བསང་མཆོད་དང་གཏོར་འབུལ་མཛད་ཡོད། གཞན་ཡང་གཡའ་རྫ་དང་བྲག་རི་དབྱིབས་དང་ཁ་དོག་མི་འདྲ་བ་དུ་མ་དང་ཡུལ་གྱི་སྟོད་སྨད་བར་གསུམ་སོ་སོའི་གཞི་བདག་ངོ་མཚར་ཅན་སོགས་རེ་རེ་ནས་བརྗོད་ཀྱིས་མི་ལང་བ་ལྟ་བུ་ཡོད་དོ།།