རྩ་གཉིས་ཨང་རྟགས་རིགས་5པོ་འདི་བཤེར་ན་ཉེན་ཁ་ཆེ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-14   རྩོམ་ཁུངས།    རིན་ཆེན་ཚེ་རིང་།

        



        འདི་ནི་རྩ་གཉིས་ཨང་རྟགས་ཀྱི་དུས་རབས་ཤིག་ཡིན། ཚོང་ཁང་ནས་དངོས་པོ་ཉོ་སྐབས་དང་བྱེད་སྒོའི་ནང་ཞུགས་མཁན་གྱི་ཚོགས་མིས་ཐོ་འགོད་པ་སོགས་ཀྱི་སྐབས་ལ་རྩ་གཉིས་ཨང་རྟགས་བཤེར་དགོས། རྩ་གཉིས་ཨང་རྟགས་ཀྱིས་ང་ཚོར་སྟབས་བདེ་བསྐྲུན་ཡོང་བ་དང་ཆགས་ཅིག ང་ཚོའི་འཚོ་བའི་ཁྲོད་དུ་ཉེན་ཁ་ཡང་སླེབས་ཡོད། མ་དངུལ་མགོ་སྐོར་གཡོ་ལེན་དང་ཆ་འཕྲིན་རྐུ་འཁྱེར་སོགས།

     འགུལ་མེད་རྩ་གཉིས་ཨང་རྟགས་མི་གཞན་གྱིས་བརྗེ་སླ་བ།

     རྒྱུན་ལྡན་དུ་ལམ་འགྲམ་གྱི་ཁྲོམ་ར་དང་སྔོ་ཚལ་ཚོང་ར། ཚོང་ཁང་ཆུང་ཆུང་སོགས་ཀྱི་གྱང་ངོས་སུ་སྦྱར་བའི་རྩ་གཉིས་ཨང་རྟགས་དེ་རིགས་ནི་འགུལ་མེད་ཀྱི་རྩ་གཉིས་ཨང་རྟགས་སུ་གཏོགས།

     མིག་སྔར་ཚོང་ཁང་ཆུང་ཆུང་ཁག་ཅིག་གིས་འགུལ་མེད་རྩ་གཉིས་ཨང་རྟགས་བརྒྱུད་ནས་དངུལ་བསྡུ་བཞིན་ཡོད། ཡིན་ནའང་འགུལ་མེད་རྩ་གཉིས་ཨང་རྟགས་དེ་དག་མི་གཞན་གྱིས་བརྗེ་སླ་པོ་ཡོད་པས། གལ་ཏེ་མི་གཞན་པས་རྩ་གཉིས་ཨང་རྟགས་བརྗེ་པོ་བརྒྱབ་པ་ཡིན་ན།དངུལ་བླངས་པ་ཚང་མ་གཞན་གྱི་ལག་ཏུ་ཤོར་ཏེ། ཚོང་བདག་གིས་དངུལ་བསྡུ་མི་ཐུབ།

     དངུལ་བསྡུ་རྩ་གཉིས་ཨང་རྟགས་ཀྱིས་འགྲིམ་འགྲུལ་དངུལ་ཆད་བསྡུ་ཡིག་རྫུན་བཟོ་བྱེད་པ།

     དི་ནི་སྨྱན་སྦྱོར་གྱིས་ཐེར་འདོན་བྱས་པའི་མགོ་སྐོར་བྱེད་ཐབས་ཤིག་ཡིན། མི་ངན་ལ་ལས་རླངས་འཁོར་ཐོག་ཏུ་ཁྲིམས་འགལ་དངུལ་ཆད་བསྡུ་བའི་ཐོ་ཡིག་སྦྱོར་བ་མ་ཟད་སྟེང་དུ་རྩ་གཉིས་ཨང་རྟགས་ཤིག་སྦྱར་ནས་དེ་བཤེར་ན་ཆད་དངུལ་སྤྲོད་ཐུབ་ཅེས་དང་། རྩ་གཉིས་ཨང་རྟགས་བཤེར་རྗེས་ཁྲིམས་འགལ་གནས་ཚུལ་ཐག་གཅོད་ཐུབ་པའི་དྲན་སྐུལ་བྱས་ཡོད། དེ་བཤེར་རྗེས་སྒོར་མོ་༢༠༠སྤྲོད་དགོས་པ་དང་དེར་ནོན་ནས་གཏན་ཁེལ་བྱས་ཞེས་པའི་ཡི་གེ་འཆར་སྲིད་པ་དང་། དེ་རིགས་ནི་ཆད་གཅོད་ཡི་གེ་རྫུན་མ་ཡིན།

     མི་ངན་དེ་དག་གིས་འཛད་སྤྱོད་པའི་སྟབས་བདེ་གཉེར་བའི་སེམས་ཁམས་དང་ཡིད་གཟབ་མེད་པའི་སྐབས་གླགས་ལ་དམིགས་ནས། རྒྱུན་ལྡན་འཚོ་བའི་འགྲོ་གྲོན་དང་སྤྱི་བའི་དངུལ་སྤྲོད་༼ཆུ་གློག་སོགས།༽འགྲིམ་འགྲུལ་ཁྲིམས་འགལ་གྱི་དངུལ་ཆད་སྤྲོད་པ་སོགས་ཀྱི་ཁྲོད་དུ། དངུལ་སྤྲོད་ཆ་འཕྲིན་རྫུན་མ་དང་བརྡ་ཐོ་རྫུན་མ་སོགས་བཟོ་བ་དང་མཉམ་དུ་རྩ་གཉིས་ཨང་རྟགས་རྫུན་མ་བཟོས་ཏེ་འཛད་སྤྱོད་པར་མགོ་སྐོར་དང་དངུལ་གཡོ་ལེན་བྱེད་ཀྱི་ཡོད།

     དུག་ལྡན་རྩ་གཉིས་ཨང་རྟགས་ཀྱིས་དངུལ་དང་ཆ་འཕྲིན་རྐུ་འཁྱེར་བྱེད་པ།

     མི་ངན་ཚོས་དུག་ལྡན་སྒྲིག་རིམ་རྩ་གཉིས་ཨང་རྟགས་ཁྲོད་བཅུག་ཡོད་པ་དང་། གལ་ཏེ་མི་གཞན་གྱིས་རྩ་གཉིས་ཨང་རྟགས་དེ་བཤེར་བ་ཡིན་ན། ཁ་པར་དུ་དུག་འགོ་བའམ་མི་གཞན་གྱིས་ཚོད་འཛིན་བྱས་ཏེ་དངུལ་བྱང་ནང་གི་དངུལ་ལེན་པའམ་མི་སྒེར་གྱི་གསང་བའི་ཆ་འཕྲིན་སོགས་ཕྱི་ལ་ཤོར་བའི་ཉེན་ཁ་འབྱུང་གི་ཡོད། ཉེ་ཆར་གྱི་སྐད་འཕྲིན་ནང་གི་འབྲེལ་མེད་གྲོགས་པོ་འདོར་བའི་བྱེད་ཐབས་དེ་ནི་འདི་རིགས་སུ་གཏོགས།

     དྲ་ཐོག་ཚོང་ཁང་རྫུན་མས་རྩ་གཉིས་ཨང་རྟགས་སྤྱད་ནས་མགོ་སྐོར་བྱེད་པ།

     དྲ་ཐོག་ནས་དངོས་པོ་ཉོ་བའི་གོ་རིམ་ཁྲོད་དུ། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱི་ཚོང་པས་འཛད་སྤྱོད་པས་དངུལ་སྤྲོད་པའི་སྐབས་སུ་བརྒྱུད་ལམ་དེས་ཚོད་འཛིན་ཐེབས་མེད་པའི་རྩ་གཉིས་ཨང་རྟགས་སྤྱད་ནས་དངུལ་ལེན་གྱིན་ཡོད་པ་དང་། གལ་ཏེ་འཛད་སྤྱོད་པས་ཚོང་བདག་གིས་བསྐུར་པའི་རྩ་གཉེས་ཨང་རྟགས་བཤེར་ནས་དངུལ་སྤྲད་པ་ཡིན་ན། ཐད་ཀར་ཚོང་བདག་རང་གི་དངུལ་བྱང་དུ་སླེབས་ཀྱི་ཡོད། དྲ་ཐོག་ནས་ཉོས་པའི་དངོས་པོ་འཛད་སྤྱོད་པའི་ལག་ཏུ་འབྱོར་ཚེ་ད་གཟོད་དངུལ་སྤྲོད་པའི་གོ་རིམ་དེ་མ་བརྒྱུད་ཚེ། འཛད་སྤྱོད་པའི་ཁྲིམས་མཐུན་གྱི་བདག་དབང་ལ་འགན་ལེན་ཐུབ་ཀྱི་མེད། 

     ལེགས་སྐྱེས་ཆུང་ཆུང་སོགས་བྱ་དགའ་སྤྲོད་པའི་ཐབས་ཀྱིས་ཆ་འཕྲིན་རྐུ་བ།

     ཁྲིམས་འགལ་མི་སྣས་ལེགས་སྐྱེས་ཆུང་ཆུང་སྤྲོད་པའི་ཐབས་ཀྱིས། འཛད་སྤྱོད་པ་ཚུར་ལ་བཀུག་ནས་རྩ་གཉིས་ཨང་རྟགས་བཤེར་དུ་འཇུག་པ་མ་ཟད་མིང་དང་ཁ་པར་ཨང་གྲངས། ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་སོགས་འབྲེལ་ཡོད་ཆ་འཕྲིན་གཡོ་ལེན་བྱས་ནས། མི་སྒེར་གྱི་ཆ་འཕྲིན་བརྒྱུད་འཚོང་བྱས་ནས་ཁེ་བཟང་ལེན་གྱི་ཡོད།