རྒྱལ་ཐང་ཡུལ་མི་རྣམས་ཀྱི་གོམས་གཤིས་དང་ལམ་ལུགས་ཀྱི་སྐོར་གྱི་བཤད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        སྤྱིར་བཏང་འགྲོ་བ་མིའི་གཤིས་ཀ་དང་སྤྱོད་ལམ་སོགས་འདི་དང་འདི་ཞེས་ངེས་བཟུང་དཀའ་བ་ནི་དཔེར་ན་མི་རྒྱུད་ཐ་དད་པ་རྣམས་མ་ཟད་མི་རྒྱུད་གཅིག་པའི་དབང་དུ་བྱས་ནའང་ཚེ་སྟོད་ཚེ་སྨད་དང་། ལོ་ཟླ་སྔ་ཕྱི་ཙམ་ལ་གཤིས་ཀ་དང་སྤྱོད་ལམ་སོགས་ལེགས་ཉེས་མ་ངེས་པ་སྣ་ཚོགས་སུ་འགྱུལ་ལྡོག་འགྲོ་བ་ནི་སོ་སོ་སྐྱེ་རྣམས་ཀྱི་རང་བཞིན་བཅོས་དཀའ་བ་ཞིག་རང་ཆས་སུ་ཡོད་པ་མཐོང་ཆོས་མངོན་སུམ་དུ་གྲུབ་པས་ཇི་བཞིན་བརྗོད་པར་མི་ནུས་ཀྱང་། ཡུལ་མི་ཕལ་ཆེ་བའི་དབང་དུ་བྱས་ནས་རོབ་ཙམ་བརྗོད་ན། ཁྲེལ་གཞུངས་བཟང་ཞིང་ཕྱི་ཐག་རིང་བ་དང་། བློ་བརྟན་པས་ཁ་དོན་ལ་གནས་པ། གཡོ་ཁྲམ་གྱིས་བཅོས་མ་མིན་པར་རང་བཞིན་གྱི་སྤྱོད་ལམ་དལ་བ། ཆུང་དུས་ནས་ཆོས་བྱེད་རྣམས་དང་འགྲོགས་པས་ཆོས་ཕྱོགས་ལ་རང་ཤུགས་ཀྱིས་དད་མོས་དང་ལྡན་པ། ཆོས་བྱེད་བླ་མ་དགེ་འདུན་དང་། ཕ་མ་སོགས་གོང་རིམ་ལ་གུས་ཞབས་ཆེ་བ། སྙིང་རྗེ་དང་ལྡན་ཞིང་གཏོང་ཕོད་ཆེ་བ། གཡོ་སྒྱུ་ཆུང་ཞིང་རྒྱུད་དྲང་བ། སྡིག་པ་ལ་ངང་གིས་འཛེམས་པ། ལེགས་ཉེས་དང་བདེ་སྡུག་གང་བྱུང་ཡང་དཀོན་མཆོག་ལ་བློས་དཀར་བ། ལས་འབྲས་ལ་ཡིད་ཆེས་དང་ལྡན་པ། དཔའ་མཛངས་དང་སྙིང་སྟོབས་ཆེ་བས་སྡུག་སྲན་ཐུབ་པ་བཅས་རང་ཆས་སུ་ཡོད་པ་ལྟ་བུར་ཡོད། དུས་སྟོན་ཁག་ལ་བསང་གསོལ་དང་འབྲེལ་དར་ལྕོག་འཛུགས་པ་དང་། རྟ་རྒྱུགས་མགྱོགས་ཚད་དང་བང་འགྲོས་འགྲན་བསྡུར་དང་རྟ་ཐོག་ནས་ལུས་རྩལ་འགྲན་པ། གླུ་གཞས་དང་ཞབས་བྲོ། ཤོ་བརྒྱབ་པ། རྒྱལ་པོ་རྒྱལ་བསྒྲིགས་ས་ལམ་རྣམ་གཞག་སོགས་བག་ཕེབས་པའི་རྩེད་མོའི་རིགས་མི་འདྲ་བ་དུ་མ་བརྩེས་པ་དང་། གཏམ་བཤད་ཅེས་སྔར་གྱི་བྱུང་རབས་དང་གཏམ་དཔེ་ཡ་མཚན་ཅན་རྒོད་བྲོ་བ་མང་པོ་བཤད་རེས་བྱས་པ་བཅས་ལ་དགའ་ཞེན་ཆེན་པོ་བྱེད་སྲོལ་ཡོད། 


         

        ཡུལ་མིའི་གྱོན་གོས་ནི། སེར་མོ་བའི་ན་བཟའ་ནི་ཆོས་འདུལ་བ་ནས་བྱུང་བ་ལྟར་རབ་བྱུང་བྱིངས་མཚུངས་ལས་མི་འདྲ་བའི་ཁྱད་པར་ཆེར་མེད། ཁྱིམ་པའི་ནང་ནས་སྐྱེས་པའི་གྱོན་པ་ནི། རང་ཡུལ་ནས་ཐོན་པའི་སྣམ་བུ་དང་བོད་དབུས་ཀྱི་སྣམ་ཕྲུག གོས་ཅན། རས་ཆའི་རིགས།  པགས་པའི་རིགས་སོགས་རྒྱུར་བཟང་ཞན་སྣ་ཚོགས་ཡོད།  བཟོ་དབྱིབས་ནི་གོང་བ་ཅན་གྱི་ཕྱུ་པ་རང་ཡིན། སྐེད་འཆིང་ཡང་རྒྱབ་སུལ་མང་པོ་བྱས་ནས་འཆིང་སྲོལ་དང་། འབྱོར་ལྡན་ཁག་དང་གཟབ་འཆོར་གྱི་སྐབས་སུ་འགོ་སྣམ་མཚལ་ཀ་དང་ལྗང་ཁུ། གོས་ཅན་གྱི་ཕྱི་ཤ་བྱས་པའི་ཚར་སློག་སོགས་ཀྱི་གོང་བ་དང་མཐའ་ཤན་སྲམ་ལྤགས་དང་གཟིག་ལྤགས་ཀྱིས་བྱས་པའི་ཕྱུ་པའི་བཟོ་དབྱིབས་གོང་མཚུངས་དང་། སྟོད་ཐུང་དང་དོར་མ་གཉིས་ནི་བོད་བཟོས་སྤྱི་མཚུངས་དང་ཚོས་གཞི་འདྲ་མིན་སྣ་ཚོགས་ཡོད། སྐེད་གྲིའི་ཤུབས་དང་ཡུ་བ། མེ་མདའི་གུང་ཤིང་། མདེའུ་བླུགས་སྣོད་ཀོ་བ་ཚོན་ཚོགས་ཀྱིས་བཟོས་པའི་སྐེད་འཆིང་བཅས་ལ་དངུལ་དཀྲོལ་ཚགས་ཀྱིས་རི་མོ་སྣ་ཚོགས་འབུར་དོད་ཅན་ཐོག་ཚ་གསེར་དང་བྱུ་རུ་སོགས་ཕྲས་སྤྲས་པ། གསེར་དངུལ་གྱི་གའུ་དང་། གཞོན་རྟ་རྟ་སྒ་དང་སྒ་ཆས་གཟབ་འཆོས་བཅས་ལ་དགའ་ཞེན་ཆེན་པོ་བྱེད་སྲོལ་ཡོད། སྐྲ་རིང་པོར་འཇོག་ཅིང་ལྷས་མའི་སྣེ་མོར་སེ་ཤན་སོགས་ཀྱི་སྐྲ་མཇུག་དམར་པོ་བཏགས་པ་སོགས་བོད་དབུས་པའི་ལམ་ལུགས་ཁོ་ན་ཡིན། བུད་མེད་ཀྱི་གྱོན་པའི་རྒྱུ་དང་བཟོ་དབྱིབས་ཕྱུ་པ་གོང་དང་ཕལ་ཆེར་འདྲ་བ་ལ་ཆ་ཐུལ་ཆེ་ཆུང་དང་ཕུ་ཐུང་ཡོད་མེད་སོགས་ཅུང་མི་འདྲ་བ་ཙམ་ཡོད། རྒྱན་ཆའི་རྣམ་གྲངས་དང་རྒྱན་འདོགས་ལུགས། ནང་གོས་དང་སྟེང་གོས་སམ་ཁ་དོག་སོགས་དང་། སྐྲ་རིང་པོར་འཇོག་སྟེ་ལྷས་མ་རྒྱག་ཚུལ་བཅས་ལ་ལུང་ཚན་སོ་སོར་འདྲ་མི་འདྲ་སྣ་ཚོགས་ཡོད་ཀྱང་རེ་རེ་བཞིན་དུ་འབྲི་བའི་ངལ་བ་བསྟེན་ཀྱང་དེ་ཙམ་གྱི་དགོས་པ་མ་མཆིས་པར་སེམས་སོ།།  

  


        འཇིག་རྟེན་མཐུན་འཇུག་གཉེན་སྒྲིག་ཆང་སའི་སྐོར་རོབ་ཙམ་བརྗོད་ན། ཡུལ་ལུང་འདིར་ཁྱིམ་བདག་པོ་ཁྱིམ་ཚང་དེའི་བུ་དང་བུ་མོ་སུས་བྱེད་ཕ་མ་དང་ཞང་ཉེ་སོགས་ཀྱི་འདོད་མོས་ལྟར་བྱེད་སྲོལ་ལས་ཁྱིམ་ཚང་དང་ཕ་མ་གཅིག་པའི་ཕྲུ་གུ་ཕོ་མོ་རྣམས་ལ་ཐོབ་ཐང་མི་མཉམ་པའི་སྲོལ་ངན་དེ་རིགས་གཏན་ནས་མེད། བུ་ཕྲུག་ཚོ་ནར་སོན་ཞིང་ཁྱིམ་སོ་བཟུང་བའི་དུས་དང་བསྟུན་ནས་བུ་ཕྲུག་གི་ཕ་མ་སོགས་གྲོས་བསྡུར་ཐོག་བུ་ཕྲུག་གི་གྲས་ནས་གཤིས་ཀ་ལེགས་ཤིང་ཁྱིམ་གྱི་འཛིན་སྐྱོང་ཐུབ་ངེས་དང་མོ་ལུང་རྩིས་སོགས་ཀྱིས་བརྟགས་འབྲས་བཟང་བབས་བྱུང་བ་ཞིག་ལ་ཁྱིམ་འཛིན་དུ་འཇོག་རྒྱུར་ནང་ཐག་བཅད་དེ་དེའི་གཏན་གྲོགས་སུ་རིགས་དང་ན་ཚོད་མཐུན་པ་འདེམས་འཚོལ་བགྱིས་ཏེ་ལྷ་བླར་ལུང་བརྟགས་ཞུས་ཐོག་བརྟགས་འབྲས་བཟང་བའི་ཕ་མར་སློང་ཆང་དང་རྟེན་འབྲེལ་མི་འཆོལ་བའི་ཆེད་དུ་ཕྱག་རྟགས་འོས་འཚམ་རེ་དང་བཅས་དོ་བདག་ཕྲུ་གུའི་ཕ་མ་དང་ཞང་ཉེ་བར་དཔང་བཅས་གྲོས་བསྡུར་ཞིབ་པར་བྱས་ཏེ་མོས་མཐུན་བྱུང་མཚམས་དོ་བདག་བུ་དང་བུ་མོ་སོ་སོར་བཤད་སྦྱངས་ལེགས་པར་བྱས་ཤིང་ཐག་བཅད་ཐོག་བཟའ་སྐར་འཕྲོད་སྦྱོར་བཟང་འཛོམས་ཤིག་ལ་ཆང་ས་དངོས་གཞིར་བུ་བུ་མོ་སུ་ཡིན་རུང་བག་མ་བསུ་ལེན་སོགས་ཕལ་ཆེར་བོད་དབུས་པའི་ལུགས་སྲོལ་ལྟར་ལས་མི་འདྲ་བ་ཆེར་མེད། དེ་ལྟར་འཇིག་རྟེན་མཐུན་འཇུག་གི་འབྲེལ་བ་བྱུང་བ་ནས་བཟུང་ཁྱིམ་ཚང་ཕན་ཚུན་ནང་ཁྱིམ་གཅིག་པ་བཞིན་མཛའ་མཐུན་མཉམ་གནས་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་དགའ་སྐྱིད་སྤྲོ་གསུམ་གྱི་དཔལ་ཡོན་ལ་ཅི་དགར་ལོངས་སུ་སྤྱོད་པ་སོགས་ཀྱི་འབྲེལ་ལམ་བཟང་པོ་མི་རབས་ནས་མི་རབས་ཀྱི་བར་རྒྱུན་འཁྱོངས་ཐུབ་པ་སོགས་ལམ་སྲོལ་བཟང་པོ་ཞིག་ཡོད་ལགས་སོ།