བོད་ཀྱི་ཤོ་རྩེད་དང་ཤོ་བཤད་ཀྱི་སྐོར།

རྩོམ་པ་པོ།   ཁམས་པའི་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2018-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཤོ་རྩེད་ནི་བོད་ཁུལ་དུ་དར་ཁྱབ་ཆེ་ཤོས་ཀྱི་རིག་རྩེད་ཅིག་ཡིན་ལ་དེར་བོད་མི་རྩེད་རྒྱུའང་ཧ་ཅང་དགའ་པོ་ཡོད། སྤྱིར་ཤོ་ཆས་ཆ་ཚང་ཞིག་ལ་བ་སོ་སོགས་ལས་བཟོས་པའི་དབྱིབས་གྲུ་བཞི་མ་ཞིག་གི་ངོས་དྲུག་ལ་ཤོ་མིག་ཆུང་ཆུང་གཅིག་ནས་དྲུག་བར་བརྐོས་ཡོད་པའི་ཤོ་ཆ་གཅིག་དང་ཤོ་རྒྱག་བྱེད་དང་དཀྲུག་བྱེད་ཤིང་གིས་བཟོས་པའི་མཐིལ་དབུས་ན་བུ་ག་ཆུང་ཆུང་ཞིག་ཡོད་པའི་ཤོ་ཕོར་ཞིག   ཤོ་རྒྱག་སའི་གཞི་གདན་གཅིག་དང་ལག་ཁྱི་མི་འདྲ་བ་གཉིས་སམ་གསུམ། དེ་མིན་རྡེའུ་དྲུག་བཅུ་རེ་བཞི་བཅས་ཤོ་ཆས་དྲུག་ཆ་ཚང་དགོས།
 ཤོ་དངོས་སུ་རྒྱག་སྐབས་མི་གཉིས་མཉམ་དུ་རྒྱག་པའི་ཉིས་ཤོ་དང་། མི་གྲངས་གསུམ་མཉམ་དུ་རྒྱག་པའི་གསུམ་ཤོ མི་གྲངས་བཞི་ཕྱོགས་གཉིས་སུ་བགོས་ཏེ་མཉམ་དུ་རྒྱག་པའི་བཞི་ཤོ་བཅས་རྩེད་ལུགས་ཁག་གསུམ་ཡོད། སྲོལ་རྒྱུན་ལྟར་ན། ཤོ་མ་བརྒྱབ་གོང་ལ་རྟེན་འབྲེལ་མཚོན་བྱེད་དུ་འཛུགས་ཆང་ཞེས་ཤོ་པ་ཡོད་ཚད་ཀྱིས་ཆང་ཞབས་བཏགས་གང་ངམ་གསུམ་སྒྲོན་མཉེས་དག་དང་ཡང་ན་གསུམ་སྒྲོན་ཞབས་བཏགས་གང་རུང་གཅིག་གྱུར་འཐུང་དགོས། དེ་ནས་སྔ་དྲོ་ཆེ་དང་དགོང་དྲོ་ཆུང་ཞེས་པ་ལྟར་ཞོགས་པ་ལོ་ན་རྒན་པ་རྣམས་ཀྱི་རྩེད་ལ་ཕྱི་དྲོ་འཁེལ་ཚེ་ལོ་ན་གཞོན་པ་དེས་སྔོན་དུ་འཛུགས་དགོས།
      དེ་ནས་ཤོ་རྒྱག་འགོ་འཛུགས་སྐབས། ཡ། ཤོ་འགོ་ལེགས་པར་ང་ཡིས་འཛུགས། འཛུགས་བཟང་ཐོབ་བཟང་ང་ཡི་ཡིན། ཤོ་མཐའ་མ་རྒྱལ་བ་ང་ཡིས་འཁྱེར་ཞེས་པའི་ཚིག་དེ་སྐད་མཐོན་པོས་བཤད་དེ་ཤོ་རྒྱག་འགོ་ཚུགས། ཤོ་རྒྱག་སྐབས་ཤོ་པ་ཕྱོགས་སོ་སོས་གཞན་གྱི་ལག་ཁྱི་གསོད་པ་དང་རང་གི་ལག་ཁྱི་དགུ་པོ་གང་ཐུབ་ཀྱིས་ཟླ་སྒྲིལ་བཏང་སྟེ་ཤོ་རྡེལ་གཅིག་ཀྱང་མ་ལུས་པ་བགྲངས་ནས་འགྲོ་མགྱོགས་མིན་ལྟ་བའི་ཕན་ཚུན་འགྲན་བསྡུར་ལྟ་བུ་ཞིག་ཡིན་ལ་རྡེའུ་རེ་རེ་གཏོང་བར་ཡང་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐབས་ཇུས་འདིང་དགོས། ལག་ཁྱི་དང་པོ་བཙུགས་པ་ནས་མཇུག་བར་མཐར་འཁྱོལ་བྱུང་ན། ཤོ་ལ་ཐོན་པ་ཞེས་རྒྱལ་བར་བརྩི་སྲོལ་ཡོད། ཤོ་རྒྱག་སྐབས་ད་དུང་ཤོ་ཕོར་སྐོར་བའི་ལག་པའི་སྟངས་སྟབས་དང་བསྟུན་ནས་ཤོ་མིག་སོ་སོའི་ཐ་སྙད་ཀྱི་སྒྲ་དང་ཡོངས་སུ་མཚུངས་པའམ་ཟུར་ཙམ་འདྲ་བའི་འཚོ་བ་དངོས་ཀྱི་བྱ་དངོས་སྣ་ཚོགས་ཟུང་དུ་སྦྲེལ་ཏེ་གསར་རྩོམ་བྱས་པའི་ཚིག་དུམ་གོ་བདེ་ལ་དོན་ཟབ་པ། ཚིག་སྙན་ལ་བརྗོད་བྱ་བདེ་བ། ཟུར་ཟ་དང་དགོད་བྲོའི་རྣམ་པས་ཕྱུག་པའི་ཤོ་བཤད་རྒྱག་རྒྱུ་ཡོད་ལ་དཔེར་ན། ཤོ་མིག་གཉིས་རྒྱག་དགོས་དུས། པ་ར་སྤེན་པ་བཀྲ་ཤིས་ཞུགས། རྒྱག་མཁན་འཕྲིན་ལས་རྣམ་རྒྱལ་རེད་ཅེས་དང་། ཤོ་མིག་བདུན་རྒྱག་དགོས་དུས། རི་སྡིངས་སྡིངས་གླ་བ་ཉལ་ས་རེད། ཉལ་དྲག་ན་གླ་བ་འཆི་ས་རེད་ཅེས་ལྟ་བུ་ཤོ་མིག་གཅིག་ཁོ་ན་སྨྲོས་པ་དང་། ཡང་ཤོ་མིག་དགུ་དང་བཅུ་གང་རུང་རྒྱག་དགོས་དུས། དགུན་ཆུ་རྟ་ལ་མ་སྟེར། རྟ་ཕོ་གྲང་ངད་ཀྱིས་ཤི་ཡོང་ཞེས་དང་། ཤོ་མིག་ལྔ་དང་དགུ་གང་རུང་རྒྱག་དགོས་དུས། ཁ་སྒུག་གི་ཆང་ལས། ལུང་ཁུག་གི་དར་བ་ཞིམ་ཞེས་པ། ཤོ་མིག་བཅུ་དང་བཅུ་གཉིས་གང་རུང་རྒྱག་དགོས་དུས། ཆུ་འཇམ་པར་སྐྲ་ཞིག་བཀྲུས། དེ་ལ་ཆུ་འཇམ་སྐྲ་བཀྲུས་ཟེར་ཞེས་པ་ལྟ་བུ་ཤོ་མིག་ཁག་གཉིས་སྨྲོས་པ། དེ་བཞིན་བརྒྱད་རི་དྲུག་གསུམ་རྒྱག་རྒྱུ་ཡོད། དེ་འདྲའི་ཤོ་པའི་ཉམས་བཟང་ལ་ཞེས་པ་ལྟ་བུ་ཤོ་མིག་གསུམ་དང་གསུམ་ཡན་སྨྲོས་པ་སོགས་ཤོ་བཤད་འདྲ་མིན་ཡོད།

   


     བོད་ཀྱི་ཡུལ་གྲུ་གང་དུ་ཕྱིན་ཀྱང་རྩེད་མོ་དེ་རྩེ་མཁན་ཕལ་ཆེ་བ་སྐྱེས་པ་རེད། དམིགས་ཡུལ་མི་འདྲ་བའི་ངོས་ནས་ཕྱེ་ན་ཤོ་ཕོར་ལག་ཏུ་འཁྱེར་བ་ནས་ཁ་མ་ཕྱེ་གོང་སྐྱོར་བའི་རེ་སྨོན་མཚོན་བྱེད། ཤོ་ཕོར་ཁ་འབྱེད་སྐབས་རང་ལ་དགོས་པའི་ཤོ་བབས་ཡོད་པ་ཤེས་འཕྲལ་བརྗོད་པའི་སྤོབས་སེམས་མཚོན་བྱེད། ལ་མ་ཐོན་སྔོན་ནས་ཤོ་སྐོར་དེ་རང་རྒྱལ་སོང་སྙམ་ནས་ངག་ཏུ་འདྲེན་པའི་སྤོབས་སེམས་མཚོན་བྱེད་བཅས་ཁག་གསུམ་ཙམ་ཡོད། གལ་སྲིད་ཤོ་བཤད་དེ་ཙམ་མི་ཤེས་ཚེ་མི་སུ་འདྲ་ཞིག་ཡིན་རུང་ཤོ་གྲལ་དུ་ཚུད་དཀའ་བར་མ་ཟད། མཐར་ཚུད་ཀྱང་ལྐུགས་པས་ལྷ་མཐོང་བ་བཞིན་མི་གཞན་གྱི་ཁ་ལ་བལྟས་ནས་སྡོད་རྒྱུ་ལས་རྩེད་འཇོའི་སྤྲོ་སྣང་འཕེལ་ཐུབ་ཀྱི་མེད།
 ཤོ་མིག་རེ་རེར་ཡང་མིང་གི་རྣམ་གྲངས་མང་པོ་འབོད་རྒྱུ་ཡོད། ཤོ་མིག་དེ་རྣམས་ཚང་མར་ཡོངས་ཁྱབ་ཏུ་གཉིས་ལ་པ་ར་དང་། གསུམ་ལ་སུ་གེ  བཞི་ལ་ཙིག་གི   ལྔ་ལ་ཁ་དང་དྲུག་ལ་ལུག    བདུན་ལ་རི། བརྒྱད་ལ་ཤ།   དགུ་ལ་གུག  བཅུ་ལ་ཆུ། བཅུ་གཅིག་ལ་ཐོག བཅུ་གཉིས་ལ་འཇང་སོགས་འབོད་སྲོལ་ཡོད། དེ་ནས་ཤོ་མིག་རེ་རེ་ལའང་ཤོ་བཤད་ཡོད། དཔེར་ན། པ་ར་ལ་ཤོ་པ་རའི་ལས་དེ་འཁྲབ་ན་དགའ། ཕོ་ཁྱོ་གའི་ལས་དེ་ཕྱིན་ན་དགའ། སུ་གེ་ལ་སུག་མཐིལ་སྐམ་པོའི་ཐུག་པ་བཀོལ། ནང་ཚང་ཐམས་ཅད་ཧབ་བགད་ཤོར། ཙིག་ལ་ཙི་ཙི་ཨི་ཁུང་ནང་ལ་འཛུལ།  ཞུམ་བུ་རྣ་ཅོག་ཀྲོང་ངེར་ལངས།
 ཁ་ལ་ཁ་དཀར་རྐྱང་གི་སྡོད་ས་དེ། རྫ་མཐོ་པོའི་འོག་གི་སྤང་དུ་ཡོད། ལུག་ལ་ལུག་ཐུག་བརྡུང་ཁ་རྒྱག་ས་ལ། ཨ་ཅེ་ཝ་མོ་ལག་པ་མ་གཏོང། རི་ལ་རི་སྡིང་སྡིང་གླ་ཕོའི་ཉལ་ས་རེད། རྒྱུན་རིང་ན་གླ་ཕོ་ཤི་ས་རེད། ཤ་ལ་ཤར་པ་ཞབས་བྲོ་མཁས་པ། གླང་ཆེན་ལགས་ཀྱི་ཞབས་བྲོ། གུག་ལ་བསྒུག་ཙམ་བསྒུག་ཙམ་གྱིས་དང་། མཉམ་དུ་མཉམ་དུ་ཕྱིན་ཆོག ཆུ་ལ་ཆུ་ལ་ཆར་པའི་སྐྱོ་རོགས། ང་ལ་བྱམས་པའི་སྐྱོ་རོགས། ཐོག་ལ་ཐོག་ཁའི་སྟེང་ལ་མི་ཞིག་འདུག     ཀུང་ཀུང་སྒྲོལ་མའི་སྙིང་སྡུག་འདྲ། འཇང་ལ་འཇང་ས་འདམ་རྒྱལ་པོ་དགའ་མ་དྲགས། ཕོ་གེ་སར་རྒྱལ་པོ་ཡོང་གྲབས་འདུག་ཅེས་འདི་ལྟ་བུའི་ཤོ་བཤད་ཡོད།
 ཤོ་སྐོར་རེའི་ཤོ་ཐེངས་དང་པོ་རྒྱག་དུས་ལག་ཁྱི་གཉིས་རེ་བཙུགས་ནས་ཤོ་མོ་ཟེར་རུང་། ཤོ་པ་རྗེས་མའི་ཤོ་མིག་ཤོ་པ་སྔོན་མ་དང་གཅིག་མཚུངས་ཡིན་ཚེ། ཤོ་མོ་བསད་པ་ཞེས་ཤོ་པ་སྔོན་མའི་ལག་ཁྱི་གཉིས་བཙུགས་ཤུལ་དུ་ལག་ཁྱི་གསུམ་སྟེ་གཅིག་གིས་མང་བ་བཙུགས་ཆོག་གི་ཡོད་པ་དང་། དེ་རྗེས་སླར་ཡང་ཁ་གཏད་ཀྱིས་ཤོ་རྒྱབ་སྟེ་ཤོ་མོ་སྐྱར་དུ་འཛུགས་པ་ཞེས་རེས་མོས་སུ་རྒྱག་དགོས་ཀྱི་ཡོད། གལ་ཏེ་ཤོ་དང་པོ་དེ་ཤོ་མིག་གཉིས་སམ་པ་ར་ལངས་ན་གཉིས་འཛིང་དང་གསུམ་འཛིང་གང་ཡིན་མ་ལྟོས་པར་ཐད་ཀར་ལག་ཁྱི་གསུམ་འཛུགས་ཀྱི་ཡོད་པ་དང་། གསུམ་འཛིང་སྐབས་ཤོ་མིག་གསུམ་ལངས་ཚེ་དེ་དང་འདྲ་བར་ལག་ཁྱི་གསུམ་འཛུགས་སྲོལ་ཡོད། དེ་ལྟར་སོ་སོའི་ཤོ་མོ་གཏན་འཁེལ་བྱུང་རྗེས་ཀྱི་ཤོ་རྒྱབ་ཚད་ལ་ལག་ཁྱི་གཅིག་རེ་ལས་འཛུགས་སྲོལ་མེད། བརྒྱུད་རིམ་དེའི་ནང་ཤོ་མིག་ཐེབས་ན་རང་གི་ལག་ཁྱི་ཕན་ཚུན་རྩེག་ཆོག་པ་དང་ཁ་གཏད་ཀྱི་ལག་ཁྱི་བསད་ཆོག དེ་ལྟར་རང་གི་ལག་ཁྱི་རྩེག་པའམ་ཁ་གཏད་ཀྱི་ལག་ཁྱི་བསད་ཚེ་རང་ལ་མུ་མཐུད་ཤོ་བརྡབ་དབང་རེག་པ་ཡིན། ལག་ཁྱི་བསོད་སྐབས་གཅིག་ཁྱིས་གཅིག་ཁྱི་བསོད་པ་དང་། ཉིས་ཁྱི་ཉིས་ཁྱི་དང་གཅིག་ཁྱི་བསོད་པ་ལྟར་མང་ཁྱིས་ཉུང་ཁྱི་གསོད་པ་ལས་ཉུང་ཁྱིས་མང་ཁྱི་གསོད་ཐབས་མེད་པར་ཁ་བརྡབ་ཅེས་བརྗོད་ཀྱི་ཡོད། རང་གི་ལག་པའི་ནང་ལག་ཁྱི་ཡོད་རུང་འཛུགས་ས་མེད་པར་ཁ་བརྡབ་ན་བཙུགས་ཟིན་པའི་ལག་ཁྱི་གང་རུང་གཏོང་དགོས་པ་དང་།   ལག་ཁྱི་དེ་དག་ཡང་སོ་སོར་ཁ་བརྡབ་ཀྱི་ཡོད་ཚེ་རང་སོར་བཞག་སྟེ་ཤོ་མུ་མཐུད་ཁ་གཏད་ཀྱིས་རྒྱག་པ་ཡིན།  ལག་ཁྱི་དགུ་ཚང་མ་མཉམ་དུ་རྩེག་ཐུབ་ན་དགུ་མོ་ཞེས་ཡག་ཤོས་སུ་བརྩི་བ་དང་། སུའི་ལག་ཁྱི་དགུ་ཚང་མ་ཤོ་མིག་གཞིར་བཟུང་སྔོན་ལ་རྡེའུ་གང་ཡོད་འགྲོལ་ཚར་ན་དེར་རྒྱལ་ཁ་ཐོབ་པར་བརྩི་བཞིན་ཡོད་དོ། །