རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གྲོལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-21   རྩོམ་ཁུངས།   

       


         ཟླ་3ཚེས་20ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དང་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣ་བདམས་རྗེས་ཚེས་20ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད།

        ཚོགས་ཆེན་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་།གཉིས་པ།གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། སེམས་མཐུན་སྟོབས་སྒྲིལ།འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་ལས་འགན་ལེགས་འགྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་།(གསུང་བཤད་ཆ་ཚང་ལོགས་སུ་འགོད་རྒྱུ)ཁོང་གིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་ཡོད།འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ང་ལ་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་འགན་འཁུར་རྒྱུ་བྱུང་བ་དེ་དང་།ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཞིག་ཀྱང་ཡིན།ངས་སྔར་རྒྱུན་བཞིན་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་ནས་མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་།རང་འགན་གཙང་སྒྲུབ། ནུས་ཤུགས་ཡོད་རྒུ་འདོན་པ། སྙིང་རུས་ཆེན་པོས་ལས་དོན་སྒྲུབ་པ།ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བ།མི་དམངས་ཀྱི་ཞབས་འདེགས་ཡག་པོ་ཞིག་བྱེད་པ་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།


        ཞི་ཅིན་ཕིང་གིས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་ཞིག་ཡིན་ཕྱིན།གོ་གནས་མཐོ་པོ་ག་ཚོད་ཡོད་ནའང་ཚང་མས་ངེས་པར་དུ་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་།ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ།ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཆེད་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་གྲགས་པ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་།ཨུ་ཡོན་ཀྲང་གཞོན་པ།དྲུང་ཆེ་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་བཞེས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།ཁོང་ཚོ་ནི་ལི་ཀྲན་ཧྲུའུ་དང་།ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལེ་ཀེང·དབྱི་མིང་པ་ཧའེ།དབན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན།ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་རེད།

        ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་།ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད།

        ཀྲང་ཏེ་ཅང་དང་།ཡུས་ཀྲེང་ཧྲེང་།ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

        ཚོགས་འདུར་འཐུས་མི་2980ཕེབས་དགོས་པ་དང་།འཐུས་མི་2962ཕེབས་ཡོད་པ་དང་།འཐུས་མི་18ཕེབས་ཐུབ་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

        མཇུག་འགྲིལ་ཚོགས་འདུ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད།

        སྔ་དྲོའི་ཆུ་ཚོད་9པར་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

        ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་།གྲོས་ཆོད་ནང་བསྟན་དོན།ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་ལྔའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་སྙན་སྒྲོན་ནང་བཏོན་པའི་2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་།སྲིད་ཇུས་ཀྱི་ཁ་ཕྱོགས།སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོ་བཅས་ལ་མོས་མཐུན་གནང་ནས་སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད།

        ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ལྟ་ཞིབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གསུམ་པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་རེད།


        ཚོགས་འདུའི་ཐོག་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ།2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་གནང་བ།2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ།2018ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་བཅས་བྱས་ཡོད།

        ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།སྙན་སྒྲོན་གསུམ་པོར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

དེ་རྗེས་ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་ཞིང་།(གསུང་བཤད་ཆ་ཚང་ལོགས་སུ་འགོད་རྒྱུ)ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ངར་ཤུགས་སྐྱེད་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ངེས་རེད་ལ།ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་རྒྱལ་ཁ་ནས་དེ་བས་རེ་བས་ཁེངས་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ངེས་རེད་ཅེས་གསུངས་པ་རེད།

        ལི་ཀྲན་ཧྲུའུ་ཡིས་ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་བ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཚོགས་ཆེན་ཞིག་དང་དམངས་གཙོ་དང་།མཐུན་སྒྲིལ།དོན་གཉེར།ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་ཤིང་།ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་བློ་མཐུན་ཀྲང་ཏེ་ཅང་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་ཡོངས།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།

        ལི་ཀྲན་ཧྲུའུ་ཡིས་ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་ཐོན་པ་མ་ཟད།རང་ཉིད་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དེ་ནི་འཐུས་མི་ཚོས་ཡིད་ཆེས་གནང་བ་ཞིག་ཡིན་པས་རང་ཉིད་ལ་ལས་འགན་གཟི་བརྗིད་ཆེ་བ་དང་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་།ང་ཚོས་འཐུས་མི་ཡོངས་དང་མཉམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྷག་བསམ་རྣམ་དག་གིས་ལག་བསྟར་དང་།མི་དམངས་ཀྱི་ཁེ་ཕན་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱེད་པ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ཏེ་འགན་འཁྲི་གཙང་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ནས་འཐུས་མི་ཚོའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།

        ལི་ཀྲན་ཧྲུའུ་ཡིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དེས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲིར་ངོས་འཛིན་གསལ་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལས་དོན་བསྒྲུབས་ནས་དུས་རབས་གསར་པར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་མཐའ་འཁྱོངས་དང་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་དགོས།ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས།སྲོག་ཤིང་གི་འདུ་ཤེས།མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་ནས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་དང་།ལས་དོན་གལ་ཆེན་དང་དོན་གནད་གལ་ཆེན་མཐའ་དག་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ནས་སྤེལ་བ་དང་ཏང་གི་འགོ་ཁྲིད་འོག་སྒྲུབ་ཐུབ་པ་བྱེད་དགོས།ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ།ཐག་གཅོད་དབང་ཆ།བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་ལག་ལེན་བསྟར་ནས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པ་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལས་འགན་ལག་ལེན་ཏན་ཏིག་བསྟར་དགོས།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཆེད་དབང་ཆ་སྤྱོད་པ་དང་།དམངས་ཆེད་ལས་འགན་སྒྲུབ་པ།དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་མི་དམངས་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དེ་ཉིད་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་འཁུར་ཐུབ་པའི་ལས་ཁུངས་ཤིག་ཏུ་འགྱུར་བ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

        ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ལ་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བའི་ཁྱབ་བསྒྲགས་གནང་ཞིང་།བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།


        ཚེས་20ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་འཐུས་མི་ཡོངས་དང་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།