ཤིང་བརྐོའི་ལག་རྩལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    ཤིང་བརྐོ་ནི་རྒྱུ་ཆ་ཙན་དན་དང་།ཤུག་པ།སྟག་པ།གསོམ་ཤིང་སོགས་བྱས་པ་ལ་རི་མོ་སྣ་ཚོགས་བརྐོ་བཞེང་བྱེད་པ་ནི་ཤིང་བརྐོའི་ལག་རྩལ་ཏེ།དེ་ལ་ཤིང་སྐུ་བརྐོ་བ་དང་།ཤིང་དཔར་བརྐོ་བ།ཤིང་གི་རྒྱན་རིས་པ་ཏྲ་བརྐོ་བ་བཅས་སྣ་གསུམ་འདུ་བར་བཤད། ཤིང་སྐུ། ཤིང་རྒྱུ་འབྱོར་ན་ཙན་དན་དཀར་དམར་དང་། ཤུག་པ། ཨ་གར་སོགས་བཟང་བར་བཤད་ཀྱང་།བཟོ་བོའི་དངོས་ནས་བཤད་ན་ཤིང་རྒྱ་སྙི་གལ་ཆེ་བས།སྟག་ཤིང་དང་།གཡེར་བ་མ་གལ་གྱི་ཤིང་མིན་སྟག་པ།ལྕང་མ་སོགས་ཀྱི་ཤིང་བཟང་ཞིང་།དེ་དག་ལའང་གས་པ་དང་འཛེར་ཅན་སོགས་སྐྱོན་མེད་གལ་ཆེའོ།།

    དེ་ལ་མཁོ་བའི་ཉེར་སྤྱོད་ནི།ཐ་སྙད་དུ་གདགས་སུ་མེད་པའི་གསེག་གྲི་རིང་ཐུང་ཕྲ་སྦོམ་ཅི་རིགས་དང་།འབིགགཟོང་སོགས་གཅིག་ཏུ་མ་ངེས་པའི་གྲི་རིགས་སྣ་ཚོགས།སྦྱོར་བྱེད་སྦྱིན་སོགས་འོས་གསོག་གོ་བཞེང་རིམ་ནི།བཞེང་བྱེད་ཤིང་དེ་ལོ་གཅིག་ལྷག་ལ་ས་དོང་ནས་བསྐྱར་ཏེ་སོབ་རྗེས་བླང་།ཡང་བསྐྱར་ཆུ་ཚ་མོར་བཙོ།དེས་གས་ཆག་ཡོ་འཆུས་མི་འབྱུང་བར་སྨོན།བསྐམས་པ་ན་གཏུབ་སྟེ་བརྐོ་བཟོར་བཀོལ་དུ་རུང་ངོ་།།

    དངོས་གཞི་ལས་ཀྱི་སྐབས་ནི།གཟུངས་བཞུགས་རྗེས་འརྗལ་ཅན་གྱི་ལྡེར་བཟོ་དང་ཕྱོགས་ཕལ་ཆེར་འདྲ་ཡང་།སྐབས་རེར་འརྗར་སྐུའི་ཆེ་ཆུང་དང་རྒྱན་གོས་ན་བཟའི་ཁྱད་སོགས་ཀྱིས་མཐའ་གཅིག་ཏུ་ངེས་པ་མེད།དེ་བས།ཆེ་ཚད་འབྲིང་ཙམ་གྱི་ལོངས་སྐུའི་རྣམ་པ་ཅན་ཞིག་ལ་མཚོན་ན།ཐོག་མར་ཞལ་ཕྱག་གཉིས་བཞེང་།དེ་ནསཔད་གདན་གྱི་ཁྲི་བཞེང་།དེ་ནས་སྐུ་སྟོད་སྨད་གཉིས་བཞེང་།དེ་ནས་ཕྱག་དཔུང་དང་ཕྱག་ངར། དེར་མཐུད་རྒྱན་གྱི་བྱེ་བྲག་དང་གཙུག་ཏོར་བཅས་པ་བཞེང་།གྲུབ་རྗེས་སྤྱིན་ཆུས་དམ་པོར་སྦྱར།དེ་གས་སྐྱོན་མི་འབྱུང་ཆེད་རས་བསེའི་སྐབས་ལྟར་རས་རིམ་པ་གཉིས་ལྷག་སྤྱིན་ཆུས་སྦྱར། ཆུང་བའི་རིགས་ལ་མི་སྦྱར། མཐར་ལྡེརསྐུ་གསེར་སྦྱོར་ཚོན་འབྱུག་ལ་གཞུག་གོ།།