བདེ་ཆེན་པའེ་རིགས་ཀྱི་ལོ་རྒྱུས།

རྩོམ་པ་པོ།   ཚེ་རིང་གིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2017-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       པའེ་རིགས་ཀྱིས་རང་སྟེང་ལ་པའེ་ཧོའུ་དང་།  པའེ་ཙི།   ལེ་མོ་ཟེར་ཞིང་མི་དཀར་པོ་ཞེས་པའི་དོན་ཡིན།   བོད་རིགས་དང་འཇང་རིགས་ཀྱིས་པའེ་རིགས་ལ་ལེ་པོ་ཞེས་འབོད་བཞིན་ཡོད།  ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སྤྱི་མིང་ལ་པའེ་རིགས་ཞེས་སུ་འབོད་སྟངས་ཆགས་ཡོད།  པའེ་རིགས་ནི་གཙོ་བོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲི་ཆུའི་འགྲམ་རྒྱུད།  འབའ་ལུང་རྫོང་གི་ཤང་དང་གྲོང་རྡལ་སོ་སོ།   འཇོལ་རྫོང་གི་ཧྲེང་ཕེང་གྲོང་རྡལ་སོགས་སུ་གནས་ཡོད།   2010ལོར་ཁུལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་སྡོམ་རྩིས་བྱས་པ་ལས་ཤེས་གསལ་བྱུང་བ་ལྟར་ན།   བདེ་ཆེན་ཁུལ་ལ་པའེ་རིགས14654ཡོད་ཅིང་།   དེས་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ལས4.1%ཟིན་ཡོད།   

གཅིག     མི་རིགས་ཀྱི་འབྱུང་ཁུངས། 

       བདེ་ཆེན་ཁུལ་འབའ་ལུང་རྫོང་ཝེ་ཏེང་ས་ཆར་པའེ་རིགས་འབྱོར་ཡུན་ནི་ཐུ་བྷོད་ལྷོ་ཕྱོགས་སུ་བསྐྱོད་པའི་སྔ་གཞུག་གི་བར་ཡིན།   མིང་རྒྱལ་རབས་ཀྱི་ཝན་ལི་ལོའི་བར་སྐབས་སུ།   ས་དམ་གྱི་འཇང་རྒྱལ་བོ་བསོད་ནམས་རབ་བརྟན་གྱི་དཔུང་ཤུགས་དེ་བྱང་ཕྱོགས་སུ་རྒྱ་ཇེ་ཆེར་བསྐྱེད་པས།   གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཆེད་ནུའུ་ཅང་ཁུལ་ལན་ཕེང་རྫོང་ནས་གནས་སྤར་ཡོང་བའི་པའེ་རིགས་བདེ་ཆེན་དུ་ཐོན་ནས་དེང་གི་འབའ་ལུང་རྫོང་ཝེ་ཏེང་ཤང་གི་པའེ་ཏེན་དང་།  ཐའོ་ལའོ།  ཀྲུང་ལུའུ་ཤང་གི་ཅ་ཧེ་རྒྱུད་དུ་བསྡད་པ་རེད།   ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་ལོའི་བར་སྐབས་སུ་རྫ་ཆུའི་འགྲམ་རྒྱུད་དུ་དེང་གི་འབའ་ལུང་རྫོང་ཝེ་ཏེང་ཤང་གི་པའེ་ཏེན་ནས་ཞའོ་ཏེན་བར་གྱི་མི་ཟོག་བགྲོད་པའི་ཟམ་པ་ལས་ཤིང་དེ་དང་བསྟུན་ནས་པའེ་རིགས་འགའ་ཤས་རྫ་ཆུའི་འགྲམ་རྒྱུད་དུ་ཡོང་ནས་འཚོ་སྡོད་བྱས་ཡོད།   

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་པའེ་རིགས་ནི་གཙོ་བོ་ཏ་ལིས་དང་ཅན་ཁྲུན།   ཧོ་ཆིང་།   ས་དམ་གྱི་ཅིའུ་ཧོ་སོགས་ནས་གནས་སྤར་ཡོང་བ་ཡིན།   ཆིང་རྒྱལ་རབས་ཀྱི་གོང་མ་ཞོན་ཧྥེང་དང་ཐུང་ཀྲིའི་ལོའི་བར་སྐབས་སུ།  ཏ་ལིས་ཀྱི་ཧུའེ་རིགས་ཏུའུ་ཝུན་ཞིའུ་ཡིས་ཡར་ལངས་བྱས་པར་བརྟེན།   ཧོ་ཆིང་དང་ཅན་ཁྲུན།  ཅིའུ་ཧོ་ས་ཆའི་པའེ་རིགས་འགའ་ཤས་འཐབ་འཛིང་ལ་གཡོལ་ཕྱིར་སེམས་ཀྱི་ཉི་ཟླའི་འབྲི་ཆུའི་རྒྱུད་དུ་ཡོང་ནས་གནས་བཅས་པ་རེད།   དེའི་ཞོར་ལ་པའེ་རིགས་ཀྱི་ཚོང་བ་ཡང་འབྲི་ཆུའི་འགྲམ་རྒྱུད་དུ་ཡོང་ནས་གནས་བཅས་ཏེ་འཚོ་སྡོད་བྱས་པ་རེད།   

གཉིས།   སྐད་ཆ། 

       པའེ་རིགས་ཀྱི་སྐད་ཆ་ནི་བོད་རྒྱ་སྐད་ཁོངས་ལས་བོད་འབར་སྐད་རིགས་ཀྱི་དབྱིས་རིགས་ཡན་ལག་སྐད་རིགས་ཀྱི་ནང་གསེས་སུ་གཏོགས་ཤིང་།  བདེ་ཆེན་ས་ཁུལ་གྱི་པའེ་རིགས་སྐད་ཆ་ནི་ཅན་ཁྲུན་ཡུལ་སྐད་ནང་གཏོགས་པ་ཡིན།   

གསུམ།   ཐོན་སྐྱེད་ངལ་རྩོལ།  

       ཞིང་ལས་ཀྱི་ཡོང་འབབ་ནི་བདེ་ཆེན་པའེ་རིགས་མི་དམངས་ཀྱི་འཚོ་བའི་ཡོང་སྒོ་གཙོ་བོ་ཡིན།  ཞིང་ལས་ཐད་གཙོ་བོ་འབྲས་དང་མ་རྨོས་ལོ་ཏོག   ནས་སོགས་འདེབས་ཀྱི་ཡོད།  རྟ་དང་བ་གླང་ནི་སྒོ་ཕྱུགས་གཙོ་བོ་ཡིན།   རྒྱུན་པར་ཚོང་ཟོག་སྣ་མང་གི་ཚོང་ལས་གཉེར་བ་དང་།  སིལ་ཏོག་གི་སྡོང་བོ་དང་ཇ་སྡོང་བཙུགས་ནས་དཔལ་འབྱོར་རེག་མཁན་ཡང་ཡོད།  

པའེ་རིགས་མང་ཚོགས་ཀྱི་ཚོང་ལས་ཀྱི་འདུ་ཤེས་དེ་ཉེ་འཁོར་གྱི་མི་རིགས་གཞན་པ་ལས་ཅུང་བཟང་ལ།  གྲོང་གསེབ་དང་གྲོང་རྡལ་གྱི་ཚོང་རའི་ནང་ཚོང་བ་མང་ཆེ་ཤོས་ནི་པའེ་རིགས་ཀྱི་མང་ཚོགས་ཡིན།   ཀྲུང་ཧྭ་མིན་གོའི་བར་སྐབས་སུ།    པའེ་རིགས་ཀྱི་ཚོང་བས་ཝེ་ཏེང་ས་ཆ་ནས་གཏེར་འདོན་ལས་ཀ་གཉེར་ཡོད་ཅིང་།  དུས་སྐབས་ངེས་ཅན་ནང་ཚོང་གི་ཉིན་མོ་གཏན་འཁེལ་བྱས་ནས་བདེ་ཆེན་ས་ཁུལ་དུ་ཆེས་སྔ་ཤོས་ཀྱི་ཚོང་ཁྲོམ་ཆགས་སུ་བཅུག་ཡོད་པ་རེད།   པའེ་རིགས་མི་ཉུང་བ་ཞིག་ནི་ཆེད་ལས་མགར་བ་ཡིན་ལ།   ཤིང་དང་རྡོ།     གྱོ་མོག  རྫ་ཆས་སོགས་བཟོ་བའི་ལས་ལ་ཤིན་ཏུ་མཁས་ཤིང་།   འབུར་བརྐོས་དང་རྒྱན་སྤྲས་རི་མོ་བཟོ་བར་ཡང་འཇོག་གྱི་ཡོད།   པའེ་རིགས་ཀྱི་བུད་མེད་རྣམས་འཐག་དང་།   འཚེམ་བྱེད་པ།   གཙག་དྲུབ་སོགས་ཀྱི་ལས་ལ་མཁས་པ་རེད།          ( ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།)