བོད་ཀྱི་འཁོར་ལོའི་རིགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-28   རྩོམ་ཁུངས།    ཁམས་པའི་དྲ་བ།


    བོད་བརྒྱུད་ནང་བསྟན་ལ་མེའི་ནུས་པ་དང་།ཆུའི་ནུས་པ།རླུང་གི་ནུས་པ་དང་མིའི་ཤུགས་སོགས་ལ་བརྟེན་ནས་བསྐོར་བྱའི་འཁོར་ལོ་རིགས་སྣ་ཚོགས་ཤིག་ཡོད་ལ།མིའི་ཤུགས་ལ་བརྟེན་ནས་བསྐོར་བྱའི་འཁོར་ལོ་ལས།

    ལག་འཁོར་ནི།ལག་གིས་འཁོར་ཡུར་བཟུང་ནས་བསྐོར་བྱ་ཁྱེར་བདེ་བ།ལག་འཁོར་ཆུང་བའི་རིགས་ནི་ལམ་དུ་འགྲོ་དུས་འགྲོ་ཞོར་དང་སྐོར་ཞོར་བྱ་ཆོག་ལ།རྒྱུན་པར་བོད་ཀྱི་འཚོ་བའི་ཁྲོད་དུ་མི་མང་པོས་ལག་གཡས་ཀྱིས་འཁོར་ལོ་བསྐོར་གཡོན་གྱིས་ཕྲེང་བ་འདྲེན།ཁ་ནས་མ་ཎི་འདོན་བཞིན་འགྲོ་བཞིན་པ་མཐོང་དུ་ཡོད་པ་དང་།ལས་ཀ་ལས་དུས་ཀྱི་ངལ་གསོའི་སྐབས་དང་ཞོགས་པ་དང་དགོང་མོ་སོགས་ལས་ཞོར་དགེ་བ་སྒྲུབ་བྱེད་སྟབས་བདེ་ལ་ཁྱབ་ཆེ་བ་ཞིག་སྟེ།དེ་ལའང་ནང་གི་གཟུང་སྔགས་ཡི་གེ་དང་ཕྱིའི་རྒྱུ།ལག་རྩལ་གྱི་རིན་ཐང་ཆེ་ཆུང་སོགས་མང་དུ་ཡོད་ལ།


    དེའི་གྲུབ་ཆ་གཙོ་བོར་ནང་ནས་ཕྱིའི་རིམ་པར་ལྕགས་ཐུར་གྱི་སྲོག་ཤིང་རང་རྐྱ་ཅན་གྱི་རྩེ་མོར་གསེར་དངུལ་དང་ཟངས་རག་སོགས་གང་རུང་གི་ཏོག་དང་བཅས་པ།མར་སྣེ་འཁོར་ཡུའི་ནང་དུ་བརྟེན་པོར་བཙུགས་ནས་འཁོར་ལོ་འཛིན་བྱེད་ཡིན་ལ།དེའི་ཕྱིར་འཁོར་ལོའི་དཔངས་དང་མཉམ་པའི་འཁོར་ལོའི་ཡི་གེ་དཀྲི་གཞི་ཤིང་ཐུར་ཁོག་སྟོང་།དེའི་ཕྱིར་ཡི་གེ་དཀྲི་བ་སྟེ།རང་གིས་གང་འདོད་པའི་བསྙེན་པ་སོགས་ཤོག་བུར་དཔར་ནས་དཀྲི་བ་དང་།དཀྲི་སྟངས་ཡི་གེའི་ཁ་ཕྱིར་བསྟན་གྱིས་ཧཱུཾ་དཀྲི་ཤིང་ཕྱོགས་ནས་དཀྲི་བར་བན་དེའི་འཁོར་ལོ་ཡིན་ན་ཡིག་མགོ་འཁོར་ལོའི་གཡས་ཕྱོགས་སུ་བསྟན།བོན་པོའི་འཁོར་ལོ་ཡིན་ན་ཡིག་མགོ་དེ་འཁོར་ལོའི་གཡོན་ཕྱོགས་སུ་བསྟན་ལ།གང་ལྟར་བསྐོར་ཀྱང་ཡིག་མགོ་སྔོན་དུ་འགྲོ་དགོས་པ་ཤེས་ཤིང་པར་གཞི་ཤོག་བུ་སྲབ་ལ་སྤུས་ལེགས་གལ་ཆེ་སྟེ།ཤོག་སྤུས་བཟང་བས་པར་ངོས་དྭངས། སྲབ་ཅིང་དཀྲི་ཚགས་དམ་པས་ཤོང་ཚད་མང་བས་སོ། །


    དེའི་ཕྱི་རོལ་དུ་འཁོར་ཤུབས་སམ་འཁོར་ལྐོགས་ཏེ།སྦྱིན་བདག་རང་རང་གི་འབྱོར་བ་དང་གཏོང་ཕོད་ཆེ་ཆུང་སོགས་ལ་བརྟེན་ནས་རབ་གསེར་དངུལ་གྱི་སྟེང་དུ་གནམ་འཁོར་ལོ་རྩིབས་བརྒྱད་དང་འོག་ཏུ་ས་པད་མ་འདབ་བརྒྱད།ཕྱི་དཀྲིས་རིམ་པ་གསུམ་དང་དེའི་བར་མཚམས་ཀྱི་རིགས་གསུམ་མགོན་པོའི་བསྙེན་པ་འབུར་དུ་དོད་པ།འཁོར་ལོ་དང་པད་མ་པ་ཏྲའི་རི་མོ་ཐམས་ཅད་ཚགས་དཀྲོལ་སྤུས་ལེགས་ལས་བཟོས་ཤིང་འབུར་ས་ཐམས་ཅད་ཚ་གསེར་དང་གཤོང་སའི་གཞི་དངུལ་ཡིན་པས་གསེར་དངུལ་བཀྲ་མ་སྟེ་མཛེས་ཤིང་འགངས་ཆེ་བ།




    ཕྱི་དཀྲིས་བར་མར་འཁོར་རྡོག་ཅེས་ཕྱི་དངུལ་གྱིས་མགར་བའི་འཐེན་བྱེད་ནོར་ཏོག་གི་དབྱིབས་ལུང་ཐག་ཅན་ནང་དུ་ཞ་ཉེ་བླུག་པ།ས་པད་མ་འདབ་བརྒྱད་ཀྱི་ལྟེ་བའི་སྲོག་ཤིང་གི་ཕྱི་ནས་འཁོར་ལོ་དང་འཁོར་གདན།འཁོར་ཡུ་ལ་རབ་བ་སོ་དང་ཙན་དན།འབྲིང་སྦ་སྨྱུག་དང་ལ་ཁྲ་སོགས་ཀྱིས་བཟོས་པ།ཐ་མར་སྲ་ཤིང་གི་རིགས་ལས་བཟོས་པར་གོང་འོག་ཏུ་དངུལ་གྱི་ཤན་ཆ་ཅན།འཁོར་ཡུ་ཡར་སྣེའི་ཤན་ཆ་ཕོར་ཁ་ལྟར་གཡེལ་བའི་ནང་དུ་འཁོར་གདན་འཛིན་བྱེད་དུ་སྲ་ཤིང་རིགས་ལས་བཟོས་པ་དང་དུང་དཀར་གྱི་ཕྲེང་ལེབ་སོགས་སྣ་ཚོགས་སོ། །



    གོང་དུ་བཤད་པ་ནི་ལག་འཁོར་ཤིན་ཏུ་རྒྱས་སྤྲོས་ཀྱི་རིགས་ཏེ།དེ་ལ་ཟངས་ཀྱིས་གཡོགས་པ་དང་རག་གིས་གཡོགས་པ།ཀོ་དམར་གྱིས་གཡོགས་ཤིང་ཚགས་དཀྲོལ་དང་རི་མོ་ཡོད་པ་དང་མེད་པ་སོགས་རྒྱས་བསྡུས་སྣ་ཚོགས་འབྱུང་བ་དང་།རྒྱུ་གང་ཞིག་གིས་འཁོར་ལྐོགས་བཟོས་ཀྱང་།ཏོག་དང་འཁོར་དཀྲི་འཁོར་ལོ་དང་པད་མ་ཙམ་གྱི་རྒྱན་ནི་མེད་དུ་མི་རུང་བ་ལྟ་བུའོ། །

    རླུང་འཁོར་ནི།དཀྲི་སྟང་དབྱིབས་ཐམས་ཅད་ཕལ་ཆེར་ལག་འཁོར་དང་ཕྱོགས་མཚུངས་ལ་ཆེ་དྲགས་ན་རླུང་གིས་བསྐོར་དཀའ་ཞིང་།ནང་གི་ལྕགས་ཐུར་གྱི་སྲོག་ཤིང་སྒྲོག་གདན་སྟེང་དུ་བརྟན་པོར་བཙུགས་ཐོག་འཁོར་ལོའི་ཞབས་སྐོར་བྱེད་ཀྱི་གཤོག་པ་མགོ་ཁེམ་བུ་དབྱིབས་རྒྱ་གྲམ་དུ་བྱས་པའི་དབུས་སུ་བཞག རླུང་འཁོར་འཁོར་ཐབས་སུ།རླུང་ལྡང་སྐབས་རླུང་ཤུགས་ཁེམ་བུ་དབྱིབས་ཀྱི་གཤོང་ཕྱོགས་ལ་ཕྱོགས་ནས་འཁོར་བ་ཡིན་པས་གཡས་སུ་འཁོར་བྱའི་རླུང་འཁོར་ལ་སྐོར་གཤོག་ཁེམ་བུ་ལྟ་བུའི་ཁ་གཡོན་དུ་བསྟན།གཡོན་དུ་འཁོར་བར་འདོད་ན་དེ་ལས་ལྡོག་པས་ཁ་གཡས་སུ་བསྟན་ནོ། །



    དགོན་པ་སོགས་ཀྱི་སྐོར་ལམ་རིང་མོའི་སྐོར་འཁོར་དང་།ཆུ་འཁོར།འཐེན་འཁོར།དུང་འཁོར་ཐམས་ཅད་ནི།འཁོར་ལོ་སྐོར་དུས་ཕྱིའི་འཁོར་ལོ་དང་ནང་གི་སྲོག་ཤིང་ཉམས་དུ་འཁོར་དགོས་པས་ཡི་གེ་སྲོག་ཤིང་སྟེང་ཐད་ཀར་དཀྲི་བ་ཡོད་ཀྱང་།སྟེང་གི་འཁོར་འཛིན་སྲོག་ཤིང་ཟད་ནས་བརྗེ་དགོས་བྱུང་ན་མི་བདེ་བའི་སྟོང་འོག་གཉིས་སམ་ཕྱོགས་གཅིག་གྲུ་བཞི་སྤྲས་ཀ་ཅན་དུ་བྱ།འཁོར་ལྐོགས་ལ་རབ་ཟངས་གསེར་དང་།ཡང་ན་ཟངས་ཀྱི་གཞིར་ལཉྫ་འབུར་མར་གསེར་ཚ་ཅན།ཤིང་ལེབ་ཀྱི་ཟུར་བརྒྱད་དང་བཅུ་དྲུག་ཅན་སོགས་བྱས་པ་ལ།སྟེང་དུ་དྲ་བ་དྲ་ཕྱེད།བར་དུ་ལཉྫ་ཕྲེང་རིམ་པ།དེའི་འོག་ཏུ་ཟུར་མང་ཉུང་ལ་གཞིགས་ནས་མཆོད་པའི་ལྷ་མོ་བརྒྱད་དམ་བཅུ་དྲུག་སོགས་བཀོད།འོག་མཐར་པད་མ་གསེར་གྱི་པ་ཏྲ་ཅན་གྱིས་མཛེས་པར་བྱ།ཡང་ཀོ་རློན་སྣུམ་བྲལ་གྱིས་གཡོགས་པའི་རི་མོ་ཤིང་ལྐོགས་སྐབས་དང་ཕྱོགས་མཚུངས་བྲི།རག་གིས་གཡོགས་ན་ལཉྫ་དང་པད་མ་ཐམས་ཅད་འབུར་བ་བྱ་ཞིང་།ཐོག་མར་གསེར་མདོག་ལྡན་པས་མཛེས་པ་ལྟར་ཡོད་ཀྱང་རླན་ཡོད་ས་དང་ཆར་ཕོག་ས་ལ་ཡུན་རིང་མི་འགོར་བར་གཡའ་ཞུགས་ནས་ནག་པོར་འགྲོ་བས་མི་བཟང་ངོ་། །





    དེ་དག་གི་བསྐོར་བྱེད་ལ།བསྐོར་འཁོར་ལ་འཁོར་ལོའི་འོག་ཕྱོགས་སུ་ལག་འཛིན་ཤིང་གི་རྒྱ་གྲམ་ཕྲེད་བཀལ་གཤོག་པ་ལྟ་བུ་སྣེ་འབུར་འཛིན་བདེ་སྤྲས་པ་དང་།ཤིང་སྐོགས་ཅན་གྱི་ཕྱོགས་བཞི་ནས་འཁོར་ལོའི་སྟེང་འོག་གི་ཁེབས་དང་གདན་སོར་གཉིས་ཙམ་རེ་འབུར་བར་ཤིང་རྒྱུག་ཐད་དུ་སྤྲས་པ་དང་།དུང་འཁོར་སོགས་འཁོར་ཆེན་རིགས་ཀྱི་འཁོར་ལོའི་ཞབས་ཕྱོགས་སུ་ཤིང་ལེབ་མཐུག་པོ་དང་ཡང་ན་ཤིང་གི་འཁོར་ལོའི་རྩིབས་ལྟ་བུ་གྱེན་དུ་སྤྲས་པ་ལ་ལྕགས་ཀྱི་ཨ་ལོང་བཞི་དང་བརྒྱད་ལ་སོགས་ཀྱི་བསྐོར་བྱེད་དང་།ལག་འཐེན་ལ་ནི་འཁོར་ལོའི་སྲོག་ཤིང་གི་འོག་སྣེར་ལྕགས་དབྱུག་ཀྱོག་ཅན་ལ་ཀོ་ཐག་བཏགས་ནས་འཐེན་ཞིང་བསྐོར་བ་དང་།ཆུ་འཁོར་ནི་ཆུ་མཆིག་ལྟར་ཆུའི་རྒྱུག་ཤུགས་ལ་བརྟེན་ནས་བསྐོར་བའོ། །




    མེ་འཁོར་ནི།མེའི་ཚ་རླངས་ཀྱི་ནུས་པ་ལ་བརྟེན་ནས་འཁོར་བ་སྟེ།མཆོད་མེ་དང་ཐབ་ཀ་སོགས་མེ་ཡོད་ས་གང་དུ་བཀོད་ཀྱང་རུང་བ་ཞིག་སྟེ།བཟོ་ཐབས་ལ་ཤོག་སྲབ་སྤུས་ལེགས་ལ་ཡི་གེ་དྲུག་མ་སོགས་དཀྱིལ་ནས་ཕྲེད་དུ་པར།ཤོག་བུ་རིམ་གཅིག་ནས་གསུམ་ཙམ་ཞིག་བརྩེགས་ཆོག་མོད།དེ་ལས་མང་ན་ལྗིད་དྲགས་ནས་དྲོད་རླངས་ཀྱིས་བསྐོར་དཀའ།ཡི་གེའི་ངོས་ཕྱིར་བསྟན་ཕྱོགས་ཀྱི་སྟེང་འོག་གཉིས་ལ་ས་སྟོང་ཡོད་པ་བྱས་ནས་སྟེང་ཕྱོགས་སུ་འཕུར་མ་དང་།འོག་ཕྱོགས་སུ་པད་མ་བྲིས་ཏེ་དབྱིབས་ཟེའུ་ལྟ་བུ་སྦྱར་ལ།དེའི་འཁོར་བྱེད་ནི།སྟེང་ཁེབས་ཤོག་བུ་མཐིག་པོ་རང་ཤེད་ཐུབ་ལ་མུ་ཁྱུད་བསྐོར་ནས་དཀྱིལ་ཐིག་བཙལ།སྟེང་ཁེབས་ཤོག་གུ་ཟླུམ་པོ་ཆ་བཞིའམ་བརྒྱད་དུ་བགོས་པའི་དེའི་འཁོར་གཤོག་ཆ་སྙོམས་ཟླ་བ་ཕྱེད་པ་ལྟ་བུ་སྒོར་ཕྱོགས་ནས་ཕྱེད་དུ་དྲས་པ་དེ་ནང་དུ་ལྟེབས་ཏེ་སྟེང་ཁེབས་སུ་སྦྱར་ནས་གྲུབ་ལ།སྟེང་ཁེབས་དཀྱིལ་རྟགས་ཀྱི་ནང་ཕྱོགས་སུ་འཁོར་ཞྭ་ལྕགས་དཀར་དང་ཡང་ན་མངར་ཁམ་གྱི་ཚི་གུ་ཕྱེད་པ་ཁ་ཐུར་དུ་བསྟན་ནས་སྦྱར།ཤོག་མདོང་གི་དབྱིབས་ལེགས་པོར་གནས་ཐབས་སུ་འཁོར་ལོའི་ནང་ཕྱོགས་ནས་ཇ་སྨྱུག་གི་དཀྲིས་གཏོང་བས་གྲུབ་ལ།འཁོར་ལོ་འཛིན་བྱེད་ནི་ལྕགས་སྐུད་སྣེ་འཇམ་པོར་མར་ཅུང་ཟད་བྱུགས་ན་འཁོར་བདེ་བ་ཡིན།  

    གཞན་ཡང་འཁོར་སྒྲོམ་ཆུང་ངུའི་ནང་འཕང་ལོ་བསྐོར་བ་བཞིན་བསྐོར་བྱའི་ལག་འཁོར་དང་།ཐག་པ་འཐེན་ཐབས་ལ་བརྟེན་ནས་མི་མང་གིས་བསྐོར་བའི་དུང་འཁོར།དེང་དུས་གློག་ཤུགས་ཀྱིས་བསྐོར་བའི་འཁོར་ལོ་སོགས་མང་ངོ་། །