《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པ་དཔེ་སྐྲུན་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པ་དཔེ་སྐྲུན་བྱས།

    ཉེ་ལམ། ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པ་དཔེ་སྐྲུན་བྱས།

    《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ》ཞེས་པའི་དེབ་འདིའི་ནང་དུ།ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་ཨ་མདོ་བྱམས་པར་དྲི་བ་གནང་སྟེ།ཁོང་གིས་དགེ་འདུན་ཆོས་འཕེལ་ཇི་ལྟར་ངོ་ཤེས་ཤིང་འགྲོགས་འདྲིས་གནང་བའི་སྐོར་གཙོ་བོར་བྱས་ཏེ།དགེ་འདུན་ཆོས་འཕེལ་ལགས་ཀྱིས་དུས་རྒྱུན་ཇི་ལྟར་དཔེ་གཟིགས་དང་ཞིབ་འཇུག་གནང་བའི་སྐོར་དང་།འཚོ་བའི་ཁྲོད་ཁོང་གིས་གང་གི་སྐོར་ལ་དོ་སྣང་དང་བརྩི་བཀུར་གནང་ཞིང་།གང་གི་སྐོར་ལ་མི་དགྱེས་པ་དང་མི་རངས་པ།ཐ་ན་ངོ་རྒོལ་སོགས་བྱེད་པ་བཅས་ཀྱི་གནས་ཚུལ་ཞིབ་ཅིང་ཕྲ་བའི་སྒོ་ནས་གསུངས་ཡོད། དེ་དང་ཆབས་ཅིག་ཨ་མདོ་བྱམས་པ་ལགས་ཀྱིས་རི་མོའི་སྐོར་ནས་རང་གིས་མི་ཚེ་གང་བོར་བསགས་པའི་ཉམས་མྱོང་མང་པོ་གསུངས་ཏེ།བོད་ཀྱི་ཐང་གའི་འབྲི་ཚུལ་དང་ཐིག་རྩ།འཕེལ་རིམ།གནས་སྟངས་བཅས་ཀྱི་ཐད་ནས་ལེགས་ཉེས་ཀྱི་བླང་དོར་ཕྱེས་ཏེ།མ་འོངས་པའི་ཁ་ཕྱོགས་ཐད་འཛམ་གླིང་སྤྱི་ལ་ཕྱོགས་ནས་ཀུན་གྱིས་ཁས་ལེན་པའི་རི་མོ་དང་བརྩམས་ཆོས་སུ་འགྱུར་བར།ང་ཚོས་ཇི་ལྟར་སློབ་སྦྱོང་བྱེད་དགོས་མིན་བཅས་ལ་མིག་རྒྱང་རིང་བའི་དགོངས་པ་ཇི་སྙེད་ཅིག་དྲང་པོའི་ངག་གིས་མཛུབ་སྟོན་གནང་ཡོད་པས།དེབ་འདིར་གཟིགས་རྗེས་ཁྱེད་ཀྱིས་སྔར་ལས་ཀྱང་དགེ་འདུན་ཆོས་འཕེལ་དང་ཁོང་གི་མི་ཚེ།དུས་རབས།མཁྱེན་ཡོན།གཞན་བོད་ཀྱི་ཐང་ག་དང་རི་མོའི་སྐོར་བཅས་ལ་ཤེས་རྟོགས་གསར་བ་བྱུང་བར་གདོན་མི་ཟའོ།།


    དཔེ་དེབ་ཀྱི་བཅར་འདྲི་ཞུ་ཡུལ་ཨ་མདོ་བྱམས་པ་ལགས་ནི་བོད་ཀྱི་གནའ་དེང་ཐང་ག་དང་རི་མོའི་འབྲི་ཐབས་ལ་མཁས་པའི་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན།1914ལོར་མདོ་སྨད་གཅན་ཚ་རུ་སྐུ་འཁྲུངས།ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་རི་མོའི་སྐོར་གྱི་ཤེས་བྱ་མང་པོ་སྦྱང་བ་ལེགས་པོ་གནང་ལ།1921ལོར་ཁོང་གཅན་ཚ་ངང་རུང་དགོན་པར་རབ་ཏུ་བྱུང་།དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་སོགས་ལ་བརྟེན་ཏེ་བོད་ཀྱི་ཐང་ག་དང་རི་མོའི་སྐོར་གྱི་ཤེས་རིག་ལ་སློབ་སྦྱོང་མཛད།1936ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།1942ལོར་ལྷ་སར་ཕེབས་ཏེ་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས།1955ལོར་ཕོ་བྲང་པོ་ཏ་ལར་སླེབས་ནས་ཐང་ག་འབྲི་བཞེངས་ཀྱི་འགན་བཞེས།2002ལོའི་ཟླ3པའི་ཚེས28ཉིན་ལྷ་ལྡན་དག་པའི་ཞིང་ནས་སྐུ་གཤེགས། 


    དཔེ་དེབ་ཀྱི་མི་སྣ་གཙོ་བོ་དགེ་འདུན་ཆོས་འཕེལ་ལགས་ནི1903ལོར་མདོ་སྨད་རེབ་གོང་ཞོ་འོང་ནས་སྐུ་འཁྲུངས་ཤིང་།1951ལོར་དབུས་ལྷ་ལྡན་ཞིང་ནས་སྐུ་གཤེགས།ཆུང་དུས་བོད་ཀྱི་རིག་པའི་གནས་ཆེ་ཆུང་དུ་མར་སྦྱང་བ་ལྷོད་མེད་གནང་སྟེ་མཁས་པའི་མཚན་སྙན་རྒྱས།ཁོང་གི་བརྩམས་ཆོས་ལ་རྒྱལ་རབས་དེབ་ཐེར་དཀར་པོ་དང་།རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།ཀླུ་སྒྲུབ་དགོངས་རྒྱན།རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིགའདོད་པའི་བསྟན་བཅོས།གཞན་སྙན་ངག་དང་རི་མོའི་སྐོར་བཅས་བཞུགས།


    བཅར་འདྲི་ཞུ་མཁན་དང་རྩོམ་སྒྲིག་པ་ཁྲི་གོང་ཨོ་རྒྱན་ཚེ་རིང་ནི་མཚོ་སྔོན་ཁྲི་ཀ་རྫོང་ནས་སྐྱེས།རྩོམ་རིག་རབ་འབྱམས་པ་དང་ཞུས་ཆེན་ལོ་ཙཱ་པ་ཡིན།སྔ་རྗེས་སུ《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དང་། 《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ཁང་དུ་ལས་གཉེར་བྱས་མྱོང་།ད་ལྟ་བོད་ལྗོངས་བརྙན་འཕྲིན་ཁང་དུ་ལས་གཉེར་བྱེད་བཞིན་ཡོད།བརྩམས་ཆོས་ལ་སྙན་ངག་དང་།དཔྱད་རྩོམ།བསྒྱུར་རྩོམ་བཅས་བརྒྱ་ལྷག་ཡོད་ལ་རྒྱལ་ཁབ་དང་ཞིང་ལྗོངས་རིམ་པའི་བྱ་དགའ་ཐེངས་མང་ཐོབ་མྱོང་།