བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སྤྱི་ཚོགས་གོམས་འདྲིས་འཕོ་འགྱུར་དང་ཚན་རིག་ལག་རྩལ་མགྱོགས་སུ་འཕེལ་བ་དང་བསྟུན་ནས། བོད་ཁུལ་དུ་གསར་འགྱུར་ཁྱབ་སྤེལ་གྱི་ལམ་བུའང་སྣ་མང་ཅན་དུ་འགྱུར་ཡོད་དེ།   ཚགས་པར་དང་དུས་དེབ།  རྒྱང་བསྒྲགས། བརྙན་འཕྲིན་ལྟ་བུའི་སྲོལ་རྒྱུན་སྨྱན་བྱད་ཀྱིས་དེང་རབས་ཅན་གྱི་མི་སྣའི་འདོད་བློ་སྐོང་ཐུབ་ཀྱི་མེད་པ་དང་། དྲ་རྒྱ་དང་ལག་འཕྲིན་ཚགས་པར། གྲངས་གཞིའི་རླུང་འཕྲིན། སྒུལ་བདེའི་བརྙན་འཕྲིན། སྐད་འཕྲིན་སོགས་ལྟ་བུའི་དེང་རབས་ཀྱི་ལག་རྩལ་གསར་བའི་འདེགས་སྐྱོར་འོག་ཐོན་པའི་སྨྱན་བྱད་གསར་བ་ལ་མི་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཀྱི་ཡོད་པ་རེད།  ལྷག་པར་སྐད་འཕྲིན་གསར་འགྱུར་གྱིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཕྱི་རོལ་ཡུལ་གྱི་སྤེལ་རེས་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བཏང་ཞིང་། བོད་དང་འཛམ་གླིང་གི་བར་ཐག་ཉེ་རུ་བཏང་ཡོད་པས། གསར་འགྱུར་ཁྱབ་སྤེལ་གྱི་ཐད་དུ་དོན་སྙིང་གལ་ཆེན་ལྡན་ཡོད། གཤམ་དུ་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་གྱི་ད་ཡོད་གནས་བབ་དང་གནས་པའི་གནད་དོན་ལ་གཞི་བྱས་ནས་རགས་ཙམ་གླེང་བར་བྱ།
     གཅིག བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་གྱི་བྱུང་རིམ་མདོར་བསྡུས།
     སྨྱན་བྱད་གསར་བ་ནི་སྲོལ་རྒྱུན་སྨྱན་སྦྱོར་དང་བསྡུར་ཚེ་ནང་དོན་གྱི་ཆ་ནས་སྣ་མང་ཅན་དང་རྒྱུད་ལམ་གྱི་ཆ་ནས་ལམ་མང་ཅན། རྒྱུད་སྤེལ་གྱི་ཆ་ནས་སྐབས་བསྟུན་དང་མགྱོགས་མྱུར། སྟབས་བདེ་སོགས་ཀྱི་ཁྱད་ཆོས་དང་དགེ་མཚན་མང་པོ་ལྡན་པ་མ་ཟད། སྲོལ་རྒྱུན་སྨྱན་སྦྱོར་ལ་མེད་པའི་སྟོང་ཆ་མང་པོ་སྐོང་ཐུབ་ཀྱི་ཡོད།  བདེ་ཆེན་གྱི་བོད་ཡིག་གསར་འགྱུར་སྨྱན་སྦྱོར་གྱི་ངོས་ནས་བཤད་ན། 1988ལོའི་ཟླ་10པའི་ཚེས1ཉིན་བདེ་ཆེན་ཚགས་པར་དངོས་སུ་འགྲེམ་སྤེལ་བྱས་པ་དང་ 1995ལོར་བདེ་ཆེན་བོད་ཡིག་ཚགས་པར་འགྲེམ་སྤེལ་བྱས་པ་རེད། 2013ལོའི་ཟླ5པའི་ཚེས5ཉིན་སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་ཤར་གཏོང་བྱས་པ་དང་། 2015ལོའི་ཟླ6པར་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་ཤར་གཏོང་བྱས། 2015ལོའི་ཟླ་11པར་བོད་ཡིག་ལག་འཕྲིན་ཚགས་པར་ཤར་གཏོང་དང་། 2017ལོའི་ཟླ6པར་APPཤར་གཏོང་བྱས་ཏེ། དེང་རབས་ཅན་ཆ་འཕྲིན་ཁྱབ་སྤེལ་གྱི་ལག་ཆ་བཀོད་སྤྱོད་གང་ལེགས་བྱས་ནས་ཕྱི་ཕྱོགས་སུ་བདེ་ཆེན་བོད་རིགས་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པས། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་དང་གསར་འགྱུར་ལས་རིགས་ཀྱིས་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་པ་རེད།
     གཉིས། བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་གྱི་ནང་དོན་གཙོ་བོ།
     ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་སྡེ་ཁག་གིས་2015ལོའི་ཟླ་6པར་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་གཟའ་འཁོར་རེ་ལ་ལེ་ཚན་ཐེངས་དྲུག་སྤེལ་བའི་རྣམ་པས་དུས་ཐོག་ཏུ་ཉིན་དེར་བྱུང་བའི་གསར་འགྱུར་ཡི་གེ་དང་པར་རིས་ཀྱི་རྣམ་པའི་ཐོག་ནས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་ཡིན་ལ། གསར་འགྱུར་གྱི་ནང་དོན་ཐད་ནས་རང་ས་གནས་ཀྱི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་གཙོ་བྱེད་པ་དང་། ཞོར་དུ་བདེ་ཆེན་བོད་ཁུལ་གྱི་དཔལ་འབྱོར་དང་ཡུལ་སྐོར།  སྐྱེ་ཁམས། གལ་ཆེའི་གསར་འགྱུར། དེ་མིན་འཕྲོད་བསྟེན་དང་བདེ་ཐང་སོགས་ཀྱི་ནང་དོན་སྤེལ་བཞིན་ཡོད།   གསར་དར་གྱི་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་བརྒྱུད་ནས་བདེ་ཆེན་བོད་ཁུལ་གྱི་དམངས་ཁྲོད་རིག་གནས་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ས་ཁུལ་གཞན་གྱི་བོད་རིགས་སྤུན་ཟླ་རྣམས་ལ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་མ་ཟད། རང་ས་གནས་ཀྱི་ཡུལ་མི་རྣམས་ལ་མཚོན་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་རྒྱུད་འཛིན་དང་དར་སྤེལ་གྱི་ནུས་པ་མི་དམན་པ་ཐོན་གྱིན་ཡོད།
     གསུམ། བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་གྱི་ཁྱབ་སྤེལ་བྱ་ཡུལ།
     བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་ཤར་གཏོང་བྱས་ནས་མིག་སྔའི་བར་དུ་ལོ་གཉིས་ལས་འགོར་མེད་མོད།  འོན་ཀྱང་སྐད་འཕྲིན་ཀློག་པ་པོའི་ཆ་ནས་ཀྱང་བདེ་ཆེན་རང་ས་གནས་ཀྱི་ཀློག་པ་པོ་ཡོད་པ་མ་ཟད་ས་ཁུལ་གཞན་གྱི་ཀློག་པ་པོའང་མང་། འབྲེལ་ཡོད་ཀྱི་བསྡོམས་རྩིས་ལྟར་ན། མིག་སྔའི་བར་དུ་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་གྱི་ཀློག་པ་པོ་མི་ཆིག་སྟོང་ལྷག་ལ་ཡོད་པ་དང་། ཀློག་པ་པོའི་ཁྱབ་ཡུལ་ནི་བདེ་ཆེན་བོད་ཁུལ་ལས་གཞན། ས་གནས་གཞན་གྱི་བོད་ཁུལ་ཏེ་བོད་ལྗོངས་དང་མཚོ་སྔོན་སོགས་ཀྱིས་གཙོ་བྱས་ཡོད་པ་མ་ཟད། པེ་ཅིང་དང་ཁྲིན་ཏུའུ་སོགས་ནང་ལོགས་ཀྱི་གྲོང་ཁྱེར་མང་པོར་ཡང་ཁྱབ་ཡོད་པ་རེད།  གསར་འགྱུར་ལ་ལའི་རྡེབ་ཚད་སྟོང་ཕྲག་དུ་མར་ཐོན་ཡོད་ཅིང་ས་ཁུལ་གཞན་པར་བདེ་ཆེན་གྱི་སྲིད་འབྱོར་རིག་གསུམ་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།
     བཞི། བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་ལ་གནས་པའི་གནད་དོན་དང་ཐག་གཅོད་བྱེད་ཐབས།
     སྲོལ་རྒྱུན་སྨྱན་སྦྱོར་དང་བསྡུར་ན་སྨྱན་སྦྱོར་གསར་བའི་བརྒྱུད་སྤེལ་ཐབས་ལམ་དང་རྣམ་པ་སོགས་ལ་དགེ་མཚན་ཆེན་པོ་ལྡན་ཡོད་ནའང་། བོད་རིགས་ས་ཁུལ་གྱི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ལ་སྔ་ཕྱི་བར་གསུམ་དུ་ཕྱི་རོལ་ཡུལ་གྱི་བཀག་རྒྱ་སྣ་ཚོགས་ཡོད་པས་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པ་རེད། ངེད་བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་སྦྱོར་ལ་མཚོན་ན་ཁྱབ་སྤེལ་བྱས་པའི་གསར་འགྱུར་ལ་ལའི་རྡེབ་ཚད་སྟོང་ཕྲག་འགའ་ཐོན་ཡོད་པ་དང་གསར་འགྱུར་ལ་ལའི་རྡེབ་ཚད་བརྒྱ་ལའང་ཐོན་མེད་པའི་གནས་ཚུལ་ཡོད། རྩོམ་པ་པོའི་བསམ་ཚུལ་ལྟར་ན་གནས་ཚུལ་འདི་དག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྨྱན་བྱད་གསར་བའི་ཤེས་ལྡན་མི་སྣ་ཧ་ཅང་ཉུང་བ་དང་ལག་རྩལ་གྱི་ཆ་རྐྱེན་ལ་ཚོད་འཛིན་ཕོག་པ།   ནང་དོན་གྱི་ཐད་ནས་གསར་རྩོམ་རང་བཞིན་གྱི་རྩོམ་ཡིག་ཉུང་བ་དང་བསྒྱུར་རྩོམ་མང་བ། གསར་འགྱུར་གྱི་རིན་ཐང་དམའ་བ།   ནང་དོན་ཕུན་སུམ་ཚོགས་པོ་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་ཡིན་པ་དང་། ཁ་བྱང་ཀྱི་ཐད་ནས་བརྗོད་ཚིག་སྐམ་པོ་ཡིན་པ་དང་ཡིད་འགུགས་ཀྱི་ནུས་པ་ཞན་པ། སྐད་འཕྲིན་པར་ངོས་མཛེས་བཟོའི་ཐད་ནས་སྒྱུ་རྩལ་རང་བཞིན་ཞན་པ་དང་བརྗོད་བྱ་འབུར་དུ་ཐོན་མེད་པ་སོགས་མི་འདང་ས་གང་མང་ཡོད་པ་རེད། བདེ་ཆེན་བོད་ཡིག་སྐད་འཕྲིན་སྨྱན་བྱད་བརྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ན་གོང་གི་གནད་དོན་འདི་དག་ལ་གཙིགས་ཆེན་དང་ཐག་གཅོད་གང་ཐུབ་བྱེད་དགོས། རྩོམ་པ་པོའི་ལྟ་ཚུལ་ལྟར་ན་མི་ཤུགས་ཐོན་ཁུངས་འཛུགས་སྐྲུན་བྱ་རྒྱུར་ངེས་པར་དུ་མཐོང་ཆེན་བྱེད་དགོས། གཅིག་ནས་གཟིགས་སྐྱོང་གི་སྲིད་ཇུས་ལ་བརྟེན་ནས་ཕུལ་བྱུང་གི་སྨྱན་སྦྱོར་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། ཤེས་ལྡན་མི་སྣའི་མི་འདང་བ་ནི་བདེ་ཆེན་ས་ཁུལ་གྱི་དྲ་ཐོག་སྨྱན་སྦྱོར་འཕེལ་རྒྱས་གཏོང་བར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། གཉིས་ནས་རང་ས་གནས་ཀྱི་ལས་སྒྲུབ་མི་སྣ་ཕྱི་རོལ་དུ་སྨྱན་སྦྱོར་གསར་བའི་ཐད་ལ་སློབ་སྦྱོང་དུ་མངགས་ནས་ཆེད་ལས་རང་བཞིན་གྱི་སྨྱན་སྦྱོར་གསར་བའི་ལས་སྒྲུབ་མི་སྣ་མང་ཙམ་གསོ་སྐྱོང་བྱེད་དགོས། གསུམ་ནས་སྐད་འཕྲིན་གསར་འགྱུར་གྱི་སྤུས་ཚད་དང་བརྒྱུད་སྤེལ་ཕན་ནུས་གོང་མཐོར་གཏོང་དགོས་པ་སྟེ། རང་ས་གནས་ཀྱི་མི་རིགས་རིག་གནས་དང་ས་གནས་རང་གི་ཁྱད་ཆོས་མངོན་རྒྱུར་དོ་སྣང་བྱེད་དགོས། སྐད་འཕྲིན་གསར་འགྱུར་ལ་ཡིག་གཟུགས་དང་བརྙན་གཟུགས།རོལ་དབྱངས་སོགས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པས། བརྒྱུད་སྤེལ་གྱི་རྣམ་པའི་ཆ་ནས་སྐད་བརྡ་དང་ཡི་གེ པར་རིས། གཟུགས་བརྙན་སོགས་ཀྱི་རྣམ་པ་བཀོལ་རྒྱུར་དོ་སྣང་བྱེད་པ་སོགས་བྱས་ནས་རང་ས་གནས་ཀྱི་ཁྱད་མངོན་གསལ་མཚོན་ཐུབ་པ་དང་ཀློག་པ་པོའི་ཡིད་ཀྱི་དུངས་པ་འདྲེན་ཐུབ་པའི་སྐད་འཕྲིན་གསར་འགྱུར་སྤེལ་བར་བརྩོན་ལེན་གང་ཐུབ་བྱེད་དགོས་སོ།།