རྫོང་གསར་དགོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།


        དང་པོ། དགོན་པའི་མཚན་གྱི་བྱུང་བའི་སྐོར།

        རྫོང་སར་དགོན་པ་ནི་སྡེ་དགེ་ནས་ཤར་ཕྱོགས་སུ་ལེ་དབར་བརྒྱ་དང་བརྒྱད་ཀྱི་ས་མཚམས་སུ་ཆགས་ཤིང་།ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ་མེ་ཁྱི་སྟེ་སྤྱི་ལོ་746ལོ་གནས་འདིར་ག་ཤད་མེད་པར་ཕྱོགས་མེད་བྱ་བྲལ་བ་ཞིག་བྱོན་ནས་ཡུལ་ཕྱོགས་འདིའི་མི་ཞིག་དང་འཕྲད་ནས་གླེང་མོལ་བྱེད་སྐབས་ཐོག་མར་བྱ་བྲལ་བ་དེས་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པའི་ལན་དུ་བཀྲ་ཤིས་ཟེར།ཡ་ཀི་རི་འདིའི་མིང་ལ་ཅི་ཟེར་ཞེས་པའི་ལན་དུ་ལྷ་རྩེ་ཟེར་ཞེས་བཤད།བྱ་བྲལ་བས་མི་དེ་ཡིས་ལན་བྱིན་པའི་མིང་ལ་བརྟག་ནས་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པར་མཁྱེན་ནས་གནས་དེར་བཀྲ་ཤིས་ལྷ་རྩེ་ཞེས་མིང་ཆགས་པར་དང་།ཁོང་གིས་གནས་དེར་ལྷ་ཁང་ཞིག་བཞེངས་ཏེ་ལྷ་ཁང་དེའི་རྒྱ་བསྐྱེད་ཀ་མིག་གཅིག་ཡོད་པ་དང་ཁོང་གིས་བསྣམས་ཡོང་བའི་སྟོན་པའི་སྐུ་གཅིག་ཡོད་པས་ནང་བརྟེན་དུ་བཞུགས་སུ་གསོལ་ནས་དེ་ལ་ཇོ་བོ་ལྷ་གཅིག་ཀ་གཅིག་ཏུ་གྲགས་པར་བཤད།ཡང་ཁ་གཅིག་གི་བཤད་སྲོལ་ལ་གོང་དུ་ཞུས་པའི་དགོན་པའི་རྒྱབ་ལོགས་བཀྲ་དེ་ལ་སངས་རྒྱས་རྒྱ་མཚོས་དགོན་པའི་དབུ་རྩེ་རྫོང་གསར་པ་ཞིག་བརྩིགས་པས་དེ་ལ་རྫོང་གསར་རམ་རྫོང་སར་ཞེས་པའི་མཚན་བསྣན་པས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས་མཚན་གྲུབ་པར་རེད་ཅེས་བཤད།

        གཉིས་པ། དགོན་པ་ཇི་ལྟར་དར་རྒུད་དང་ཉམས་གསོ་བྱས་པའི་སྐོར།

        སངས་རྒྱས་རྒྱ་མཚོས་བཞེངས་པའི་རྫོང་དེ་ཤིན་ཏུ་ཆེན་པོ་ཞིག་ཡོད་ཀྱང་ཕྱིའི་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ཉིན་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་དམག་གིས་དགོན་པ་ཕྱེད་ཙམ་མེར་བསྲེགས་པའི་རྐྱེན་གྱིས་རྟེན་དང་བརྟེན་པར་བཅས་རྩ་བརླག་བྱུང༌།དེའི་སྐབས་ཀྱི་ལོ་རྒྱུས་གསལ་པོར་མཁྱེན་བརྩེ་དབང་པོའི་གསུང་འབུམ་ཁྲོད་དུ་བཞུགས།སྔོན་ཇོ་བོ་ལྷ་གཅིག་ཀ་གཅིག་ཏུ་གྲགས་པའི་ལྷ་ཁང་མེ་ཡིས་གནོད་སྐྱོན་ཐེབ་ནས་ཉམས་གུད་དུ་སོང་བར་རིམ་བཞིན་ཞིག་གསོ་དང་རྒྱ་བསྐྱེད་བཏང་ནས་བསྐྱར་བཟོ་ཐེངས་གཅིག་བྱེད་སྐབས་རྒྱ་ཁྱོན་ལ་ཀ་མིག་སོ་དྲུག་མར།ལྡེབས་བྲིས་རྣམས་གསང་སྔགས་རྙིང་མའི་སྐབས་ཡིན་པ་མངོན་སུམ་གསལ་སྐད།དུས་ཚོད་ནི་རང་བྱུང་བཅོ་ལྔ་པའི་ལྕགས་སྟག་ལོ་འདུ་ཁང་བསྐྱར་བཟོ་ཐེངས་གཉིས་པའི་སྐབས།རྗེ་མཁྱེན་བརྩེ་དབང་པོས་གསུངས་པའི་རྫོང་སར་དགོན་གཞུང་ལ་ཞལ་བཀོད་གནང་བའི་བཀའ་ཤོག་དམ་བརྒྱས་མནན་པ་ལས་འདི་ལྟར་བྱུང་སྟེ་དེང་གི་དུས་རྫོང་སར་བཀྲ་ཤིས་ལྷ་རྩེའི་འདུ་ཁང་འདི་སྔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནས་མི་ལོ་དགུ་བརྒྱ་ལྷག་སོང་བར་ད་བར་འབྱུང་བཞིའི་འཇིག་པ་གང་གིས་ཀྱང་མ་ཚུགས་པར་བརྟན་པར་ངོ་མཚར་ཆེས་ཆེ་བར་གནས།ད་ཆ་ཧ་ཅང་རྙིང་ཆེ་བས་འཇིག་ཉེས་སྐབས་གཞི་ནས་གསར་བཟོ་ཞིག་ཨེ་འགྲུབ་རེ་བ་དེ་བཞིན་ཤིན་ཏུ་ལེགས་པ་གཞིར་བཅས་སོགས་གསུངས་སོ།

        གསུམ་པ། གྲུབ་མཐའ་དང་ཆོས་རྒྱུད་ལ་འགྱུར་བ་བྱུང་བའི་སྐོར།

        དེང་སང་མཁྱེན་བརྩེ་དབང་པོའི་སྐུ་དུས་སུ་བྲིས་པ་རྫོང་སར་བརྗོད་བྱ་བྱས་པའི་འབེལ་གཏམ་ཚད་ལྡན་ཡིན་དགོས་རྒྱུ་ཞིག་འདུག་པ་ལས།སྔར་ཇོ་བོ་བཀའ་གདམས་པའི་ཡང་དགོན་གྱི་ཚུལ་བཞིན་དཔལ་ས་སྐྱའི་རིང་ལུགས་འཛིན་པ་ཞལ་བསྒྱུར་གནང་ནས་སོགས་འཁོད་འདུག་པ་དང༌།དེའང་བཀའ་གདམས་པའི་དགོན་པ་ཞིག་གི་ཡང་དགོན་ཡིན།སྔར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་ཁམས་ཀྱི་གླང་ཐང་སྒྲོལ་མ་ལྷ་ཁང་དང་དུས་མཚུངས་པར་གྲགས་པའི་ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་ཞེས་པ་དེ་རེ་ཞིག་སྔགས་རྙིང་མ་ནས་བཀའ་གདམས་པའི་ཆོས་བརྒྱུད་དུ་བསྒྱུར་སོང་བ་ད་ལྟ་རྫོང་སར་དགོན་གྱི་ཉེར་སྐོར་རྩེ་ཐང་ཞེས་པར་ས་འོག་ནས་སོ་ཕག མཆོད་རྟེན་གྱི་རི་མོ་ཡོད་པའི་སོ་ཕག་སོགས་འབྱུང་བའི་དགོན་ཤུལ་དེ་ཡང་དགོན་ཡིན་པར་བཤད།དེའང་དེབ་ཐེར་སྔོན་པོ་ལས་དྭགས་པོའི་བཀའ་བརྒྱུད་ཀྱི་སྐབས་ཕག་གྲུའི་རྣམ་ཐར་དུ་བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྡོང་ངེ་བ་ཚུལ་ཁྲིམས་འབར་དང༌།སློབ་དཔོན་འོད་ཟེར་རྒྱལ་པོའི་བླ་མ་རྒྱ་ཆེན་པོ་ལས་དབུ་མ་ཞུས་པའི་ཚོགས་གྲལ་དུ་ཆུང་གཏན་དུ་མི་གསོལ་བའི་དམ་བཅའ་མཛད་པས་སློབ་དཔོན་ཡང་མཉེས།དེ་ནས་སྤྱོད་འཇུག་ལ་སོགས་པའི་གཞུང་གསན་པ་ཡང་མང་དུ་མཛད་པ་སོགས་འཁོད་འདུག་པ་ལ་དཔྱད་ན། རྗེ་ཕག་མོ་གྲུབ་བ་ནི། ཀཿཐོག་གི་གདན་ས་ཐོག་མར་འདེབས་མཁན་ཀཿདམ་པ་དང༌།ཡུམ་མཆེད་དུ་རབ་བྱུང་གཉིས་པའི་ཆུ་སྟག་ལོར་ཁམས་སྡེ་དགེའི་དཔེ་ཝར་འབེས་མོ་ནང་འཁྲུངས་པ་མཁྱེན་བརྩེའི་གངས་ཅན་གདན་རབས་སུ་གསུངས་པས་སྐབས་དེར་བྱ་ཁྱི་ལྷ་ཁང་འདི་དར་ཁྱབ་ཆེ་བར་མངོན། དུས་ནམ་ཞིག་ས་སྐྱར་བསྒྱུར་བ་ཡིན་ཞེ་ན། ཆོས་ཀྱི་བློ་གྲོས་ཀྱི་རིན་ཆེན་སྨན་གྱི་རྟོགས་བརྗོད་ལས།ཤྲིཿརྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཞེས་གནའ་བོའི་དུས་སུ་ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པ།བར་སྐབས་ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་རྒྱ་ནག་ཏུ་ལན་རྗེས་མར་ཕེབས་ལམ་ཞབས་ཀྱིས་བཅགས་ཏེ།ཐུགས་དམ་གྱི་མགོན་སྐུ་གནང༌། དེ་ཕྱིན་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པར་གྱུར། ཞེས་གསུངས་པ་ལྟར་འཕགས་པ་རིན་པོ་ཆེ་མ་ཧཱ་ཙི་ནའི་ཡུལ་གྱི་གནམ་བསྐོས་གོང་མ་ཆེན་པོའི་ཕོ་བྲང་དུ་ཧུ་པི་མི་ལོ་བདུན་བརྒྱ་དང་ཉི་ཤུ་སོང༌།དེ་ནས་བཟུང་དཔལ་ས་སྐྱ་པའི་རིང་ལུགས་འཛིན་པའི་ཆོས་སྡེར་གྱུར་པར་གྲགས།དེ་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འོག་ཏུ་གྱུར་པ་ནས།ཕྱིས་སུ་སྡེ་དགེའི་དབུ་བླ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཐོག་མར་གདན་དྲངས།དེ་རྗེས་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ངོར་གྱི་མཁན་རབས་ཉི་ཤུ་པ་སྒྲུབ་ཁང་པའི་དབོན་དཔལ་མཆོག་རྒྱལ་མཚན་ཆེད་དུ་སྤྱན་དྲངས་བ་ནས་བཟུང་རིམ་བཞིན་སྡེ་དགེའི་མངའ་འབངས་སུ་གཏོགས། ལུང་རིགས་ཀྱི་བཤད་པ་དང༌། ཆོ་གའི་ཕྱག་ལེན། ཉམས་བཞེས་ཐམས་ཅད་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་བཞིན་རྫོང་དགོན་འདི་ཡང་ས་སྐྱའི་ངོར་ལུགས་གཙོ་བོ་ཡིན།སྡེ་དགེའི་མངའ་འོག་ཏུ་ས་དགོན་སོ་དགུ་ཡོད་པའི་ཨང་གཉིས་པའི་མཚན་ཐོབ་ཡོད་པ་མཁྱེན་བརྩེའི་བཀའ་འབུམ་ན་གསལ།

        བཞི་པ།རྒྱལ་ཁབ་ཀྱི་ཆོས་སྒོ་ཕྱེ་བའི་ཆོག་མཆན་འོག་རྣམ་པ་གསར་པའི་འགྱུར་བ་བྱུང་པའི་སྐོར།

         1983ལོར་རྒྱལ་ཁབ་ཀྱིས་རྫོང་གསར་དགོན་པ་ཆོས་སྒོ་ཕྱེ་བའི་ཆོག་མཆན་སྤྲོད་ནས་རིག་གསར་གྱི་འཁྲུགས་ཟིང་འོག་དགོན་པ་ཉམས་ཆག་སོང་བ་ལ་ཞིང་ཆེན་དང་ཁུལ། རྫོང་རིམ་པས་མཐུན་རྐྱེན་དང་རྒྱབ་སྐྱོར་ཚད་མེད་གནང་སྟེ། བསྐྱར་སྐྲུན་གྱི་རྒྱ་ཁྱོན་ངོས་སུ་སྨི་གྲུ་བཞི་མ་48200ཡོད་ལ་བརྗིད་ཆགས་ཀྱི་རང་བཞིན་ལྡན་པའི་ལྷ་ཁང་ཆེ་ཆུང་དྲུག་དང་གྲྭ་ཁང་180ལྷག་ཙམ་ལེགས་གྲུབ་བྱུང་ཡོད།རྒྱུན་པར་ཆོས་ལུགས་བྱེད་སྒོ་སྤེལ་བའི་ངོར་ལུགས་དཀྱིལ་འཁོར་བདུན་དང་།འཇིགས་བྱེད་ཚར་ལུགས་རྣམ་པར་སྣང་མཛད་དང་ནོར་ལྷའི་སྐོར་གྱི་དཀྱིལ་ཆོག་སོགས།ལོ་ལྟར་དུས་མཆོད་དང་བསྒྲུབ་མཆོད་རྣམས་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་དང་།རྡོ་རྗེ་ཕུར་པའི་བསྙེན་བསྒྲུབ་ལས་གསུམ་གྱི་ཕྱག་ལེན་དང་མགོན་པོའི་བསྐང་གསོ་དང་དགེ་འདུན་པའི་གཞི་གསུམ་སྟེ་གསོ་སྦྱོང་དང་དབྱར་གནས་དགག་དབྱེ་སོགས་དམ་ཆོས་འདུལ་བའི་ཕྱག་བཞེས་མ་ཉམས་པར་མཛད་ཅིང་།དགོན་འདིའི་གསོ་སྐྱོང་བྱས་པའི་་སློབ་ཆུང་སློབ་མ་60ལྷག་ཙམ་ལ་འདོན་ཆོག་དང་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་འབུད་རྡུང་རོལ་དཀྲོལ་གར་འཁྱམ་སོགས་ཀྱི་སློབ་གཉེར་རྒྱུན་འཇགས་སུ་གནས་ཡོད་ལ།ཁྱད་པར་དུ་བོད་རྒྱུད་སྲོལ་རྒྱུན་རིག་གནས་གསར་འཛུགས་ཀྱི་འདག་བཟོ་དང་།ཐང་གའི་མཚོན་མདངས་རི་མོའི་ལག་ལེན་བརྐོས་བཟོ་དང་ཚེམ་དྲུབ་རྫ་བཟོ་སོགས་རིག་གནས་ཁག་སློབ་གཉེར་བྱེད་བཞིན་ཡོད་ལ།བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞི་འཆད་ཁྲིད་དང་སྨན་རྫས་བསྡུ་སྦྱོར་དང་རྩ་ཆུར་བརྟག་པ་སོགས་ལག་ལེན་དངོས་དང་འབྲེལ་བར་མཛད་ཅིང་།ཁྱད་པར་དུ་འཕགས་པའི་བོད་རྒྱུད་ནང་བསྟན་སློབ་གླིང་ཁམས་བྱེའི་རྫོང་སར་བཤེས་གྲྭ་རུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་བཅུ་ཕྲག་རིག་པའི་གཞུང་ལུགས་ཐོས་བརྩོན་གྱི་འཆད་ཉན་ལ་འབད་བཞིན་པ་དང་བཅས་པའོ།  

                                                                                                                                                                 2016ལོའི་ཁ་བཏགས་དཀར་པོ།དེབ་6པ་ལས་བཤུས།