རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་།  ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན།  ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་། ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་བ།
 ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་སོགས་བཅའ་ཁྲིམས་དང་ཡིག་ཆར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ།


    ཟླ་3ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པར་ཅིང་དུ་གྲོལ་ཞིང་།ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཡུས་ཀྲེང་ཧྲེང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལན་ཧུང་ཀོང་གིས་པར་བླངས།)


    ཟླ་3ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པར་ཅིང་དུ་གྲོལ་ཞིང་།ཀྲང་ཏེ་ཅང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།

    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་ཚེས་15ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་བ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་66པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་སོགས་བཅའ་ཁྲིམས་དང་ཡིག་ཆར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད་པ་རེད།
    དེ་ཉིན་གྱི་ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་2924ཡིན་པ་དང་། དངོས་སུ་འཐུས་མི་2838ཕེབས་པ། འཐུས་མི་86ཕེབས་མེད་པ། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
    མཇུག་འགྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་བཅས་ཡིན་པའི་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བ་རེད།
    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཝང་ཁྲེན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨེ་ལི་ཀེང་·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད་པ་རེད།
    སྔ་དྲོའི་ཆུ་ཚོད་9པར་ཀྲང་ཏེ་ཅང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི་2017ལོའི་ལས་ཀའི་སྤྱིའི་བཀོད་སྒྲིག་དང་། དམིགས་ཚད་ལས་འགན། གཙོ་གནད་ལས་དོན། སྲིད་ཇུས་བྱ་ཐབས་བཅས་ལ་མོས་མཐུན་བྱུང་ནས་སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བསྟན་ཡོད་པ་རེད།
    ཚོགས་འདུའི་ཐོག་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་སྤྲད་པ་དང་། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2017ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་རེད།
     ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་བ་དང་2017ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
   ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོའི་བྱ་ཐབས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོའི་བྱ་ཐབས་ལ་གྲོས་འཆམ་བྱུང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་2018ལོའི་ཟླ་དང་པོར་འདེམས་རྒྱུ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་དང་ཐག་བཅད་པའི་གྲོས་ཆོད་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་རིང་གི་གཙོ་གནད་ལས་འགན་དང་ལས་དོན་བཀོད་སྒྲིག་ལ་མོས་མཐུན་བྱུང་ནས་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བསྟན་ཡོད་པ་རེད།
    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་སྙན་སྒྲོན་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
    ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞུས་ཤན་མིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ནས་དགོངས་པ་ཞུ་རྒྱུའི་རེ་འདུན་ཁས་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
    ཚོགས་ཆེན་གྱི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་ཀྲང་ཏེ་ཅང་གིས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས“དམངས་གཙོ་དང་། མཐུན་སྒྲིལ། དངོས་སྒྲུབ། ཡར་བརྩོན”བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཐུས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་སྔོན་གཏན་འཁེལ་བའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད། ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཚད་མཐོའི་གདེང་འཇོག་བྱས་ཡོད། ཚོགས་འདུའི་ཐོག་སྲིད་གཞུང་དང་མི་དམངས་འཐུས་ཚོགས་སོགས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་དང་འཐུས་མི་འདེམས་བསྐོ་སོགས་ཀྱི་བཅའ་ཁྲིམས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། 2017ལོའི་ལས་ཀའི་དམིགས་ཚད་ལས་འགན་དང་བཀོད་སྒྲིག་ཁ་གསལ་བྱས་ཡོད། ཚོགས་འདུ་འཚོགས་རིང་འཐུས་མི་ཚོའི་ཕྲག་ཏུ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཁུར་ཡོད་པས་མི་དམངས་ཀྱི་འདོད་བློ་མཚོན་པར་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་གྲོས་ཞིབ་ནན་ཏན་བྱས་ཡོད། ཚོགས་འདུར་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། སྟོབས་ཤུགས་གཅིག་སྒྲིལ། སྙིང་རུས་ཆེན་པོས་མདུན་སྐྱོད་བཅས་ཀྱི་དམིགས་ཡུལ་གྲུབ་ནས་ཚོགས་འདུའི་གྲུབ་འབྲས་ལས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་བྱུང་བ་གང་ལེགས་མངོན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་གང་ལེགས་མངོན་ཡོད་ཅེས་གསུངས།


ཀྲང་ཏེ་ཅང་གིས་ནན་བཤད་གནང་དོན། 2017ལོར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་དང་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་རེད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཕྱོགས་ཡོངས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་སྒྲུབ་པ། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
          ཀྲང་ཏེ་ཅང་གིས་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་ཞིག་ཀྱང་རེད། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ནི་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་འགོ་རྩོམ་གཞི་ཡིན་པ་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་ལ་སྤྱི་འདོམས་ཀྱི་ནུས་པ་ལྡན་ཡོད། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ནང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ལག་བསྟར་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། རང་རྒྱལ་གྱི་རྒྱལ་བབ་དང་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཐའ་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། རང་རྒྱལ་གྱི་དམངས་དོན་ཁྲིམས་སྐྱོང་ཉམས་མྱོང་ཕྱོགས་སྡོམ་དང་རྒྱུན་འཛིན། དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རང་རྒྱལ་གྱི་དམངས་དོན་བྱེད་སྒོའི་གཞི་རྩའི་གཏན་འབེབས་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་འཁེལ་བཅས་བྱས་ཏེ་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ང་ཚོས་འོས་འགན་ཆུད་ཟོས་སུ་མི་གཏོང་བར་ཡང་འབད་བསྐྱར་འབད་བྱས་ཏེ་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཁག་དབྱེ་རྩོམ་སྒྲིག་གི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མངོན་པ། མི་དམངས་ཀྱི་འདུན་པ་མཚོན་པ་བཅས་ཀྱི་དམངས་དོན་སྐོར་གྱི་ཁྲིམས་གཞུང་གཅིག་བཟོ་རྒྱུའི་འགན་ལེན་བྱེད་དགོས།
         ཀྲང་ཏེ་ཅང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་བྱ་བ་ནན་པོ་སྒྲུབ་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་མཐའ་གཅིག་ཏུ་སྲུང་སྐྱོང་། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་འདེམས་བསྐོའི་ལས་ཀའི་སྤྱོད་ཚུལ་བཟང་པོ་འགན་ལེན་དང་འདེམས་བསྐོའི་འབྲས་བུས་མི་དམངས་བློ་ཡིད་ཚིམ་པའི་འགན་ལེན་བྱེད་དགོས།
         ཀྲང་ཏེ་ཅང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཧུར་བརྩོན་རྒྱལ་སྐྱོང་དང་། འབད་འབུངས་ཡར་བརྩོན། ལག་ལེན་བྱེད་ཕོད་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་ཡོད། ང་ཚོ་ཧ་ཅང་སྤོབས་པ་བྱེད་དགོས་པ་ཞིག་ལ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཁྲོད་དུ་སྙན་གྲགས་ཆེན་པོ་བཏོད་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་ཟབ་ཏུ་ཕྱིན་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་དེ་བས་ནུས་ལྡན་གྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལས་དོན་དངོས་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་རླབས་ཆེན་གྱི་བྱ་གཞག་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་འཐབ་རྩོད་བཅས་ལ་རླབས་ཆེན་གྱི་རྒྱལ་ཁ་གསར་པ་ལེན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
         ཀྲང་ཏེ་ཅང་གིས་གསུངས་དོན། ལོ་བཞིའི་རིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཐག་རང་གཅོད། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་ནུས་ལྡན་ངང་གཅིག་གྱུར་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་དབང་བསྒྲུབས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ཚོས་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་ནང་ཞུགས་པ་དང་། ལྷག་བསམ་རྣམ་དག་ངང་ལས་གནས་བརྟན་སྲུང་། འགན་འཁྲི་ཧུར་ཐག་བསྒྲུབས་པ། འགན་འཁྲི་ཁུར་བ་དང་ལས་དོན་བསྒྲུབས་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལག་ལེན་ཁྲོད་ལེའུ་གསར་པ་བརྩམས་པ་དང་། ཉམས་འགྱུར་གསར་པ་མངོན་པ། ལེགས་སྐྱེས་གསར་པ་ཕུལ་ཡོད། སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འགན་ཡུན་ད་དུང་ལོ་གཅིག་ཡོད། ང་ཚོས་དུས་རྟག་ཏུ་མི་དམངས་ཀྱིས་བཅོལ་བའི་རེ་བ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་འགན་འཁྲིའི་ལས་འགན་ཏན་ཏིག་འཁུར་བ་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ། གོམ་སྟབས་བརྟན་པོས་བྱ་བ་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་དམངས་ལ་བྱ་བ་སྒྲུབ་པ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རྒྱུ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་ཆེས་མཐོའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ལག་བསྟར། རྒྱུན་ཆད་མེད་པར་འཕེལ་རྒྱས་བཅས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
          མཇུག་ཏུ་ཀྲང་ཏེ་ཅང་གིས་གསུངས་དོན། རླབས་ཆེན་བྱ་གཞག་གིས་མི་རྣམས་ལ་སྐུལ་ལྕག་ཐེབས། བརྗིད་ཆེའི་དམིགས་ཚད་དེ་བས་འོད་སྟོང་ལྡན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་པ། བློ་གཅིག་སེམས་གཅིག་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་རྒྱལ་ཁ་གསར་པ་ལེན་རྒྱུ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
          ཆུ་ཚོད་9དང་སྐར་མ་51ལ་ཀྲང་ཏེ་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བའི་ཁྱབ་བསྒྲགས་གནང་བ་དང་ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།