རྒྱལ་ཡོངས་བོད་ཀྱི་གསོ་རིག་ཆ་འཕྲིན་ཅན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།    ལྷ་མོ་ཚེ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   


རྒྱལ་ཡོངས་བོད་ཀྱི་གསོ་རིག་ཆ་འཕྲིན་ཅན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

          ཉེ་ལམ།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཟི་ལིང་དུ་རྒྱལ་ཡོངས་བོད་ཀྱི་གསོ་རིག་ཆ་འཕྲིན་ཅན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ།  ཡུན་ནན་བཅས་བོད་ཀྱི་གསོ་རིག་སྨན་ཁང་གི་འགན་འཛིན་པ 18  དང་ཆ་འཕྲིན་ཅན་གྱི་ལས་སྒྲུབ་མི་སྣ30ལྷག་ཐེངས་འདིའི་ཚོགས་འདུར་ཞུགས། 
         རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་ཤུའུ་བན་ཧྲིན་གྱིས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་དང་འོས་འགན་གྱི་ཐད་ནས་གཏམ་བཤད་གནང་བ་སྟེ།  ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། རྟོག་ཞིབ། གནས་ཚུལ་རྒྱུས་ལོན་བཅས་བྱེད་པ་དང་། བོད་སྨན་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་བརྒྱུད་དེ་བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་བ་དང་།  གསོ་རིག་ལེགས་བཅོས་ཁྲོད་ནུས་པ་གལ་ཆེན་འདོན་པར་སྐུལ་ལྕག་བྱེད་པ་ཡིན།
         དེ་མིན་ཚོགས་འདུའི་སྟེང་བོད་ཀྱི་གསོ་རིག་སྨན་ཁང་ཆ་འཕྲིན་ཅན་གྱི་བྱ་བའི་ཉམས་མྱོང་བརྗེ་རེས་དང་འབྲེལ་འདྲིས་བྱས་པ་མ་ཟད།  བོད་ཀྱིོ་གསོ་རིག་སྨན་ཁང 18 ཀྱིས་སོ་སོའི་སྨན་ཁང་གི་གནས་ཚུལ་དང་།  ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གནས་ཚུལ་དང་དེའི་ཐད་ཀྱི་དཀའ་ཁག་སོགས་རེ་རེ་བཞིན་སྙན་ཞུ་མཛད།
         ཚོགས་ཞུགས་སྐུ་ཚབ་པ་རྣམས་ཀྱིས་ཆ་འཕྲིན་ཅན་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐད་གྲོས་བསྡུར་གནང་བ་སྟེ། གཅིག་ནས་བོད་ཀྱི་གསོ་རིག་སྨན་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མཐོང་ཆེན་ཆེན་པོ་བྱེད་ཅིང་རྒྱལ་ཁབ་ནོར་ཤུགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། གཉིས་ནས་བོད་ཀྱི་གསོ་རིག་སྨན་ཁང་གི་ཆ་འཕྲིན་ཚད་གཞིའི་བཟོ་སྐྲུན་དང་བསྐྱར་སྒྲིག་ཞིབ་འཇུག་གི་བྱ་ལས་སྒྲུབ་པ། གསུམ་ནས་བོད་ཀྱི་གསོ་རིག་སྨན་ཁང་ཆ་འཕྲིན་ཅན་གྱི་བྱ་ལས་ཚན་ཆུང་འཛུགས་པ། བཞི་ནས་རྒྱལ་ཡོངས་བོད་ཀྱི་གསོ་རིག་སྨན་ཁང་ཆ་འཕྲིན་ཅན་གྱི་ལས་སྒྲུབ་པའི་གསོ་སྦྱོང་ཚོགས་འདུ་བསྡུ་བ། ལྔ་ནས་བོད་ཀྱི་གསོ་རིག་སྨན་ཁང་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་ཏེ་བོད་ཀྱི་གསོ་རིག་སྨན་ཁང་གི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་མཐུན་པའི་དཔེ་ཚུལ་བགྲོ་གླེང་བྱེད་པ་བཅས་སོ།།