སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

——ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
               རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   


        གྲོས་རིམ་ཁག་དང་བླ་ན་མེད་པའི་ལས་འགན་ལེགས་པར་གྲུབ་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་ཕྲག་ཏུ་ཁུར་བའི་ཐོག་མི་དམངས་དུང་ཕྱུར་དུ་མའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་རང་རེའི་ཏང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རླབས་ཆེན་གྱི་དཔུང་སྐྱོད་གསར་པ་བྱེད་འགོ་བཙུགས་པ་དང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པའི་རྒྱང་སྐྱོད་ལམ་བུ་གསར་རྐྱང་ཞིག་བཏོད་ཡོད་པ་རེད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་འཚོགས་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཚོགས་ཆེན་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་འཐུས་ཚབ་གནང་བའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གནང་བའི་སྙན་སྒྲོན་ལ་ཆོག་མཆན་གནང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་གནང་བ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱུང་ཡོད་པ་རེད། དེ་ནི་དར་ཆ་མཐོན་པོར་བསྒྲེངས་པའི་ཚོགས་ཆེན་ཞིག་དང་། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད།
        ཚོགས་ཆེན་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་སྙན་སྒྲོན་ལ་གདེང་འཇོག་ཆེན་པོ་གནང་ཡོད། སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་འཕེལ་རྒྱས་དང་འགྱུར་བ་འགྲོ་ཚུལ་ལ་དབྱེ་ཞིབ་གནང་བ་དང་། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་འབད་འཐབ་བྱས་རིམ་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་གནས་བབ་གཏན་འཁེལ་གནང་བ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་པའི་རྩ་བའི་བླང་བྱ་གསལ་བཏོན་གནང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་དང་ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུའི་དམིགས་ཚད་གཏན་ལ་ཕབ་གནང་བ། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་གཏོང་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་གསལ་བཏོན་གནང་ཡོད། དར་ཆ་གསལ་སྟོན་དང་། དགོངས་པ་ཟབ་མོ། དམ་པ་དོན་གཉེར་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོ གས་པོ་གཏོང་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་ཆབས་ཅིག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་ཡང་གནང་བའི་སྙན་སྒྲོན་དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་ཕྱོགས་སྟོན་ཞིག་ཡིན་ལ་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་ཡིན་པ་འཐུས་མི་ཚོས་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
        ཚོགས་ཆེན་ཐོག་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་ཆེན་པོ་གནང་བ་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྒྱུད་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལམ་བུར་གདེང་འཇོག་ཆེན་པོ་གནང་ཡོད། ལོ་བཅུ་པོ་དེ་ནི་ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་གལ་ཆེའི་འཐབ་ཇུས་གོ་སྐབས་དམ་པོར་འཛིན་པ་དང་འབྲེལ་བེད་སྤྱོད་ཀྱང་ཡག་པོ་བྱས་ཏེ་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་སྲ་བརྟན་དང་གོང་འཕེལ་བཏང་བ།རྒྱལ་སྤྱིའི་ཐོག་གི་རང་རྒྱལ་གྱི་གནས་བབ་མཐོ་རུ་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཏུ་ཆེ་བའི་ཁྱད་འཕགས་རང་བཞིན་དང་ཧ་ཅང་ཆེ་བའི་གསོན་ཤུགས་མངོན་པར་བྱས་པ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད། ལས་སླ་པོར་བྱུང་བ་ཞིག་མིན་པའི་གྲུབ་འབྲས་རླབས་ཆེན་དེ་དག་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་རེད།
        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་ཤོས་ཤིག་རེད། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ལ་འཛིན་པའི་ང་ཚོའི་ངོས་འཛིན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ནས་དེང་དུས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་ཞིག་བཏོད་པ་དེ་རེད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བློ་གྲོས་གཅིག་སྡུད་བྱས་པའི་ཉིང་བཅུད་རེད་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་རྫོགས་ལ་ཁྲིད་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་དང་ལྡན་པ་ཞིག་ཀྱང་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་།མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་རེད། འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་དངོས་ཀྱི་དོན་སྙིང་ལྡན་ལ་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་ཀྱང་རེད། དེར་བརྟེན་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱེད་དགོས་ལ་ཏང་འཛུགས་སྐྱོང་གི་ཕྱོགས་གང་ས་ཅི་ཐད་ནས་མངོན་པར་ཡང་བྱེད་དགོས།
        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དེང་དུས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱ་རྒྱུའི་རྩ་བའི་ཁ་ཕྱོགས་ཤིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ། ད་རེས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་པའི་རླབས་ཆེའི་འབོད་སྐུལ་གནང་བ་དང་ཆབས་ཅིག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོ གས་པོ་གཏོང་ཐུབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཐུབ་པ་བཅས་བྱེད་དགོས་ན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་གཞི་འཛིན་ས་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཡིན་པ་དང་། སྤྱིའི་བཀོད་སྒྲིག་བྱ་ཚུལ་ནི་ཕྱོགས་ལྔ་གཞི་གཅིག་ཡིན་པ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རེད། ཏང་ཡོངས་ཀྱིས་འགྲོ་ལམ་དེ་དང་། རིགས་པའི་གཞུང་ལུགས་དེ། ལམ་ལུགས་དེ་བཅས་ལ་ཡིད་ཆེས་བརྟན་པོ་ཡོད་དགོས།
        ད་རེས་ཀྱི་ཚོགས་ཆེན་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་དགོས་པ་བཏོན་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། བརྗིད་ཆེའི་དམིགས་ཚད་དང་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དེ་ནི་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བསྒྲགས་གཏམ་ཡིག་ཆ་ཞིག་རེད་ལ་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་རྒྱུར་སྐུལ་བའི་སྐུལ་སློང་བཀའ་རྒྱ་ཞིག་ཀྱང་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་རྣམས་གོང་བུ་གཅིག་ཏུ་འགྲིལ་ནས་ཐུན་མོང་ཐོག་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཐད་ཚོགས་ཆེན་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།
        ད་རེས་ཀྱི་ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་ཐོན་ཡོད།སྤྱོད་ཡོན་གཉིས་ལྡན་དང་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བའི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་སླེབས་པ་དེ་ཐོག་ནས་རང་རེའི་ཏང་དར་རྒྱས་གོང་འཕེལ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པ་གང་ལེགས་མཚོན་ཡོད་པ་རེད།ཏང་གི་འགོ་ཁྲིད་རིམ་པ་གསར་རྙིང་བརྗེ་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཆེད་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་ལས་འགན་འཁུར་མཁན་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་མཁན་བློ་མཐུན་ཁག་གཅིག་ཀྲུང་དབྱང་ཨུ་ཡོན་ནས་ཕྱིར་འཐེན་བྱས་པ་དེ་ཐོག་ནས་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཉམས་འགྱུར་མཚོན་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བློ་དཀར་སེམས་དཀར་ཚད་མེད་གནང་བ་མཚོན་པ། ཏང་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་བཅས་མཚོན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ་ཏང་དང་མི་དམངས་ཀྱིས་ཁྱེད་རྣམ་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ནམ་ཡང་བརྗེད་མི་སྲིད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་ཆེད་དེ་བས་གཞི་རྒྱ་ཆེ་བའི་མདུན་ལམ་ཞིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་ཞིགཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་དེ་བས་འོད་སྟོང་འབར་བའི་མདུན་ལམ་ཞིག་བཅས་མངོན་ཡོད།ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཀའ་གནད་ལས་སྒྲོལ་བ་བཅས་ཀྱི་ཁར་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ཀྱི་གྲུབ་འབྲས་གསར་པར་ངོ་གནོང་མི་དགོས་པ་བཅས་བྱས་ནས་དེང་རབས་ཅན་ལ་ཕྱོགས་པ་དང་། འཛམ་གླིང་ལ་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་གསར་པ་བརྩོན་ལེན་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་འབྱོར་བའི་གློག་འཕྲིན)