མཚོ་བྱུང་སྲས་མོ་དཔའ་རིས་བ་རིག་འཛིན་སྒྲོལ་མ།

རྩོམ་པ་པོ།   ཨོ་རྒྱན་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཁམས་པའི་དྲ་བ།


                                                     ཕ་སྐད་གླུ་མ་གྲགས་ཅན་དཔའ་རིས་བ་རིག་འཛིན་སྒྲོལ་མ།

        གངས་རིའི་འདབས་ནས་ཆས་ཡོང་།གངས་རིའི་འདབས་ལ་ལོག་བྱུང་།ང་ཁྱེད་ཀྱི་ཡ་ཆུང་སེམས་ཁོང་ན་ཡོད།ཁྱོད་ང་ཡི་ཁྲ་ཆུང་མིག་ལམ་ན་ཡོད།ཅེས་པའི་གླུ་སྐད་སྙན་མོ་དེས་ཡུལ་དུས་ཀྱི་ཐོགས་རེག་གཏོར་ནས་ཁ་བའི་རི་ཀླུང་དང་ཡུལ་གྲུ་བརྒལ་ཏེ་མཐོ་བའི་རི་དང་དམའ་བོའི་ཆུ་བརྒྱུད་ནས་གཞིས་བྱེས་སྤུན་ཟླ་རེ་རེའི་སེམས་ཁོང་ན་འོད་ཀྱི་དྲོད་ཐིགས་གསར་བ་རེ་རེ་བསྩལ་བའི་བྱེད་པོ་དེ་ནི་མཚོ་བྱུང་ངག་གི་སྲས་མོ་རུ་འབོད་པའི་ཁ་བའི་གླུ་མ་དཔའ་རིས་བ་རིག་འཛིན་སྒྲོལ་མ་རེད།
        མོ་ནི་སྤྱི་ལོ་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་དུ་དར་བའི་ལོ་ཟླའི་མཛད་པ་ལུས་ལ་ཁུར་ཅིང་རྒུད་པའི་སྐྱོ་བའི་མངའ་ཐང་ངག་ལ་འཁྱིལ་བའི་གནའ་བོད་བཙན་པོའི་རྒྱུད་དང་དཔའ་བོའི་ཤུལ་དུ་གྲགས་པའི་ས་དགེ་ཆུ་འཛོམས་ཀྱི་ཡུལ་གྲུ།ཆུ་འཇུ་ལག་གཙང་ཆབ་སྔོན་མོའི་གཡུ་ལོ་གཡོ་བའི་ཁུགས་སོ་གནས་མདོ་ལ་རིང་མོ་སྟོབས་ཀྱིས་འགྱིང་བའི་རི་རྒྱུད།མདོ་སྨད་དཔའ་རིས་ནོར་དཀར་སྡེ་བའི་བ་ཟ་ཚོ་བ་ཞེས་པར་ལང་ཚོའི་མེ་ཏོག་ཐོག་མར་བཞད།གླུ་ལེན་གར་རྩེད་ལ་དགའ་བའི་བ་ཟ་ཚོ་བ་ནས་ཁོ་མོར་ནར་སོན་གྱི་གོ་རིམ་ཁྲོད་དུ་གླུ་ལེན་སྒྱུ་རྩལ་ལ་དུངས་ཞེན་གྱི་བག་ཆགས་ཟབ་མོ་ཞིག་ཐེབས།མོ་རང་ལོ་ཡི་འཁོར་མོ་བཅུ་ལ་སླེབས་སྐབས་དྲིན་མ་ལོ་ནད་གྱིས་མནར་ནས་སྨན་ཁང་དུ་འགྲོ་དགོས་པར་བརྟེན་རིག་འཛིན་སྒྲོལ་མར་སློབ་གྲྭ་རིག་པའི་སྒོ་ཐེམ་བརྒལ་བའི་གོ་སྐབས་མ་བྱུང་སྟེ་ཁྱིམ་ལས་ཙག་ཙིག་གི་བྱ་བར་མི་འབད་རང་འབད་དུ་གྱུར།མོ་རང་ཆུང་དུས་ནས་གླུ་ལེན་སྒྱུ་རྩལ་ལ་ཐུན་མིན་གྱི་བརྩེ་བ་ཞིག་དང་དུང་བ་ཞིག་མཆིས་པས་ཁྱིམ་ལས་ཀྱི་བྱ་བའི་ཞོར་དུ་དམངས་ཁྲོད་ཀྱི་གླུ་ལེན་གར་རྩེན་ལ་དོ་སྣང་དང་སྦྱང་བ་བྱས་ནས་དམངས་ཁྲོད་རིག་གནས་ཀྱིས་ཁོ་མོའི་མི་ཚེའི་ཤུལ་ལམ་རིང་མོའི་སྒྱུ་རྩལ་འཚོལ་སྙེགས་ཀྱི་ལམ་བུ་རུ་རྨང་གཞི་ངེས་ཅན་ཞིག་ཐེབས་ཤིང་ཤུགས་རྐྱེན་ཟབ་མོ་ཞིག་བཞགརྒྱ་བོད་ཡིག་རིགས་སོགས་ལ་རང་སྦྱོང་བྱས་རྐྱེན་རང་རྒྱུད་ལ་ཚད་ངེས་ཅན་ཞིག་གི་ཤེས་བྱ་འབྱོར།དྲིན་མ་ལོ་དང་ལྷན་དུ་དཔའ་རིས་སྡེ་བའི་སྟོད་སྨད་བར་གསུམ་དུ་འཁྲབ་སྟོན་སོགས་སུ་སོང་མྱོང་བ་འདིས་ཁོ་མོར་གླུ་གཞས་ཀྱི་སྟེགས་བུར་འབུད་རྒྱུའི་མཐུན་རྐྱེན་བླ་ན་མེད་པ་དེ་ཐོབ།བར་སྐབས་ཤིག་ནས་ཁོ་མོས་བྱང་ཆ་ཐོན་པའི་དམངས་གླུ་སྙན་མོའི་གསེར་གྱི་གླིང་བུ་ངག་ལ་བཅུག་བཞིན་ཕ་ཡུལ་དང་རིང་དུ་བྲལ་ཏེ་གྲོང་ཁྱེར་འགྲིམ།ཧུའུ་ཀྲུའུ་གྲོང་ཁྱེར་ནས་ལོ་ཡི་འཁོར་མོ་གཉིས་ཀྱི་རིང་ལ་གླུ་སྙན་མོ་ངག་ལ་གྱེར་བཞིན་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱ་བའི་ལས་ཀ་གཉེར།གསེར་ས་འོག་ཡོད་ན་འོད་ནམ་མཁའ་ཞེས་པ་ལྟར།མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སྐུ་ཞབས་ལི་ཉིང་ཧྲིང་གིས་ཁོ་མོར་ལྷན་སྐྱེས་ཀྱི་སྐད་ངག་ཡག་པོ་ཞིག་ཡོད་པའི་སྟེང་ལ་ཀུན་མཐུན་གྱི་ངང་རྒྱུད་བཟང་པོ་ཞིག་ཡོད་པ་གཟིགས་པས་ཁོ་མོ་ཟི་ལིང་དུ་ཁྲིད་ནས་དེང་རབས་ཀྱི་གླུ་དབྱངས་ལེན་སྟངས་དང་སྐད་ངག་གི་བགོ་སྟངས་དབུགས་ཀྱི་གཏོང་ལེན་སོགས་ཀྱི་སྒྱུ་རྩལ་རང་བཞིན་ཅན་གྱི་རྨང་གཞི་གང་མང་ཞིག་བུམ་པ་གང་བྱོའི་ཚུལ་དུ་ཁོ་མོར་བསྩལ་བ་དང་།མི་ཚེའི་གནས་ལུགས་སོགས་གང་མང་ཞིག་སློབ་སྟོན་གནང་བས་གངས་ཅན་གྱི་ཁ་བའི་ཡུལ་དུ་ཁུ་བྱུག་ལྟར་སྙན་པའི་གླུ་མ་ཞིག་འགྱུར་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཐོག་མར་གྲུབ།
         དེ་ནས་ཁོ་མོས་གནའ་མཁར་ཟི་ལིང་གྲོང་གི་ཕ་མཁར་ནས་བོད་ཀྱི་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་དང་།དབྱངས་རྩོམ་མཁན་གྲགས་ཅན་སྐུ་ཞབས་ཀུན་དགའ་ཚེ་བརྟན་དང་འཇམ་དབྱངས་བསྟན་འཛིན་སོགས་དགེ་རྒན་དུ་བརྟེན་ནས་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་གྱི་གཞུང་ལུགས་དང་དེང་རབས་གླུ་དབྱངས་ལེན་སྟངས།ནུབ་ཕྱོགས་ནས་དར་བའི་དབྱངས་རྟ་སོགས་ཕྱི་ནང་གི་རོལ་དབྱངས་སྒྱུ་རྩལ་ལ་སྦྱངས་པ་བྱས་པས་འབྲས་བུ་གཡུར་དུ་སྨིན་པ་ཐོབ་པས་མ་ཚད།མཚོ་སྔོན་མི་རིགས་གླུ་བྲོ་ཟློས་གར་གླིང་གི་གཞས་གཏོང་མཁན་དང་གངས་དཀར་ནོར་བུའི་གླིང་རིག་གནས་སྒྱུ་རྩལ་དར་སྤེལ་ལྟེ་གནས་ཀྱི་གན་རྒྱའི་གཞས་མར་གྱུར།སློབ་སྦྱོང་གི་ཞོར་དུ་བརྩམས་པའི་དབྱངས་རྟ་སོགས་ལ་ཀུན་གྱིས་ཁས་ལེན་ཐོབ་པའི་ཚད་དུ་ཐོན།བཀའ་དྲིན་བླ་ལྷག་ཏུ་མཐོ་བའི་དགེ་རྒན་དེ་དག་གི་བྱམས་བརྩེའི་རྒྱབ་སྐྱོར་དང་མཐུན་རྐྱེན་གྱི་དཔུང་རོགས་ལ་བརྟེན་ནས་ཁོ་མོའི་མི་ཚེ་བགྲོད་ལམ་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་སྟེ་མཚོ་སྔོན་སྒྱུ་རྩལ་སློབ་གླིང་དང་པེ་ཅིན་སྒྱུ་རྩལ་སློབ་གླིང་སོགས་རོལ་དབྱངས་ཆེད་སྦྱོང་གྱི་སློབ་ཆེན་གང་མང་ཞིག་ཏུ་ཟབ་སྦྱོང་དང་དངོས་སྦྱོང་གི་གོ་སྐབས་ཐོབ། དེ་ཁོ་མོར་མཚོན་ན་བསམ་ཡུལ་ལས་འདས་ཤིང་ཧ་ཅང་དགའ་འོས་པའི་ལས་ཤིག་ཏུ་འཁུམས།ཁོ་མོའི་སེམས་སུ་བརྗེད་དུ་མེད་པའི་དྲིན་མ་ལོའི་གསུང་ཚིག་ཉག་གཅིག་ནི་མ་དྲིན་མོ་ཆེས་གཅེས་པའི་བུ་མོ་ཆུང་ནས་སློབ་གྲྭར་མངགས་མ་ཐུབ་པ་དེ་ནི་སེམས་སུ་ཐུགས་སུན་གྱི་གནས་ཉག་གཅིག་ཏུ་གྱུར་པས་དུས་རྒྱུན་པར་ཁོ་མོར་ལས་གང་ཞིག་ལ་འཇུག་ན་བརྩོན་པ་དང་ཤི་རེམ་བྱེད་དགོས་ཞེས་སྐུལ་མ་བཏང་བ་དེ་ཡིན།རིག་འཛིན་སྒྲོལ་མས་དྲིན་མ་ལོའི་གསུངས་ཚིག་དེ་མི་ཚེ་གོ་རིམ་ཁྲོད་དུ་མདུན་སྐྱོད་དང་འཚོལ་སྙེག་གི་ལམ་སྣ་འདྲེན་པའི་གདམས་ངག་ཏུ་བརྩིས་ནས་དེ་བཞིན་དུ་བརྩོན་པ་དང་འབད་འབུངས་བྱེད་བཞིན་མཆིས། ཁོ་མོ་སྒྱུ་རྩལ་སློབ་གླིང་དེ་དག་ཏུ་ཞུགས་རིང་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོག་བརླག་ཏུ་མ་བཏང་བར་རོལ་དབྱངས་སྒྱུ་རྩལ་གྱི་ཤེས་བྱ་དག་ལ་སྐོམ་པ་ཆུ་འདོད་ལྟར་གྱིས་སྦྱངས་བ་བྱས་ནས་འབྲས་བུ་གཟེངས་སུ་ཐོན་པ་སྨིན་པས་རོལ་དབྱངས་སྒྱུ་རྩལ་གྱི་ཕྱོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།
         ཁོ་མོས་བོད་མི་རིགས་ཀྱི་གླུ་གར་སྒྱུ་རྩལ་ནི་མི་རིགས་རང་ཉིད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་ངོས་ཟིན་ནས་རང་ཉིད་གླུ་གར་སྒྱུ་རྩལ་འདིའི་ལམ་ཁ་རུ་ཕ་སྐད་ཀྱི་ལམ་ནས་སྔོན་བྱོན་ཕ་མེས་ཡང་མེས་རྣམས་ཀྱི་དབྱངས་རྟ་སྔོགས་འདོན་དང་རྒྱུད་འཛིན།དར་སྤེལ་བྱ་རྒྱུ་ནི་མོ་རང་ཉིད་ཀྱི་བྱ་བའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ངེས་པ་དོན་གྱི་བོད་སྐད་དག་མ་ཞིག་གིས་བོད་གླུ་ལེན་རྒྱུའི་ཀུན་སློང་གཙང་མའི་རང་ལུགས་བཙན་པོ་ཞིག་ཀུན་ནས་འཁྲུངས་ཏེ་ཕ་སྐད་ཀྱི་ལམ་ནས་གླུ་དབྱངས་ལེན་རྒྱུའི་བགྲོད་ལམ་དཀར་པོ་ཞིག་ཏུ་འཇུག་རྒྱུའི་འགོ་བརྩམས།ཁོ་མོས་ཕ་མེས་ཀྱི་དབྱངས་རྟའི་ལམ་ནས་སེམས་ཀྱི་ཁྲི་ཤོར་རྒྱལ་མོ་དང་ལྷན་འཛོམས།རྟུལ་ཕོད་ཀྱི་དཔའ་རིས་བ་སོགས་ཕ་སྐད་ཀྱི་གླུ་དབྱངས་གང་མང་ཞིག་ལོ་སར་དགོང་ཚོགས་སོགས་གླུ་གར་གྱི་སྟེགས་བུ་བརྒྱུད་ནས་རིགས་མཐུན་ཆོལ་གསུམ་སྤུན་ཟླའི་སྙན་གྱི་གསོས་སུ་ཕུལ་བས་ཀུན་གྱིས་དཔའ་རིས་བ་རིག་འཛིན་སྒྲོལ་མ་ཟེར་བ་ཞིག་སེམས་ཀྱིས་སྒུག་རྒྱུ་ཞིག་དང་རྣ་བས་ཉན་ས་ཞིག་ཏུ་གྱུར།།
        གླུ་བ་གླུ་མ་ཞིག་ཡིན་ཕྱིན་སྐད་ཡག་པ་ཞིག་དང་ངག་བདེ་མོ་ཞིག་ཡོད་པ་དེས་མི་ཆོག།དེའི་ཕན་ཆད་ཆ་རྐྱེན་གལ་ཆེན་ཞིག་ཚང་དགོས་པ་ནི་ཁྱེད་ཀྱིས་བླངས་བའི་གླུ་ལ་བརྩེ་བ་དང་དུངས་བ་ཟབ་མོ་ཞིག་དགོས་པ་དེ་རེད།ཅེས་པ་ནི་ཁོ་མོར་བཅར་འདྲི་ཁྲོད་རྙེད་པའི་སྐད་ཆ་ཞིག་ཡིན་ལ།སྐད་ཆ་འདི་ལས་ཁོ་མོ་གླུ་དབྱངས་སྒྱུ་རྩལ་ལ་ཚད་ངེས་ཅན་ཞིག་གིས་བྱང་ཆ་ཐོན་ཡོད་པ་མཚོན་ཐུབ་པས་མ་ཚད་ཁོ་མོས་བླངས་བའི་གླུ་གང་ཞིག་ཡིན་ནའང་གདངས་དབྱངས་ཀྱི་སྙན་ཆ་དང་གླུ་ཚིག་གི་ནང་དོན་སོགས་ཕྱོགས་གང་གི་ཐད་ནས་རྩེར་སོན་པ་ཏག་ཏག་ཡིན་པས་མ་ཚད་དེའི་བརྗོད་དོན་དང་མཐུན་པའི་རྣམ་འགྱུར་དང་ཚུགས་ཀའང་ཡོད་པས་གླུ་ལེན་ན་སེམས་ཀྱིས་ལེན་དགོས་ཞེས་སྒྱུ་རྩལ་གྱི་རིན་ཐང་ལ་རྟོག་ཞིབ་ཀྱི་བྱང་ཆ་ཐོན་ཡོད་པས་སྤྲོ་གླུ་ལེན་དུས་ངོ་ན་སྡུག་གིས་ཁེངས་ཞིང་སྐྱོ་གླུ་ལེན་དུས་ངོ་ན་འཛུམ་གྱིས་ཁེངས་བའི་བོད་ཀྱི་གླུ་བ་གླུ་མ་གླེན་པ་དག་ལས་ཕྱོགས་གང་གི་ཐད་ནས་མི་མཚུངས་ཞིང་སྒྱུ་རྩལ་ལ་དུངས་བ་ཟབ་ཞིང་སྒྱུ་རྩལ་ལ་གུས་སེམས་ཆེ་བའི་གླུ་མ་ཡ་རབས་ཤིག་གྱུར་པས་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་མཚོ་ངོས་ཀྱི་ཆེས་ཟབ་ས་ན་རྩེན་གྱིན་པའི་གསེར་མིག་གི་ཉ་མོ་དེ་རེད་ཅེས་ཀུན་གྱིས་གདེང་འཇོག་དང་ཡིད་ཆེས་ཐོབ།
         ༢༠༠༡ལོ་ནས་ཁོ་མོ་སྔ་ཕྱིར་ཞིང་ཆེན་ཕྱི་ནང་གི་རིག་རྩལ་སྡེ་ཁག་དུ་མར་གླུ་གར་འཁྲབ་སྟོན་ཐེངས༥༠ལྷག་ལ་ཞུགས་ཤིང་།ཀྲུང་དབྱང་བརྙན་འཕྲིན་ཁང་དང་།མཚོ་སྔོན་བརྙན་འཕྲིན་ཁང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།མཚོ་སྔོན་བོད་སྐད་རྒྱང་སྒྲོག་ཁང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཆེད་བསྡུས་དགོང་ཚོགས་དང་།མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་སོགས་སུ་ཐེངས་དུ་མར་ཞུགས།སྔ་ཕྱིར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་བསྡུར་ཆེན་མོ་རུ་ཨང་དང་པོའི་བྱ་དགའ་དང་།རྒྱལ་ཡོངས་ཞིང་གྲོང་ན་གཞོན་གླུ་བའི་འགྲན་བསྡུར་ཆེན་མོ་རུ་ཨང་གཉིས་པའི་བྱ་དགའ།རྒྱལ་ཡོངས་རེ་བའི་སྐར་ཆེན་འགྲན་བསྡུར་ཆེན་མོ་རུ་ཨང་གཉིས་པའི་བྱ་དགའ།གླུ་བྲོ་ཟློས་གར་ཆེན་མོ་ཐང་བོད་གནའ་ལམ་རྐྱང་ལེན་གྱིས་གསེར་གྱི་རྟགས་མའི་བྱ་དགའ་སོགས་བླངས། དེ་དག་ནི་ཁོ་མོའི་མདུན་སྐྱོད་ཀྱི་གོམ་སྟབས་ལ་ལྷོད་མེད་ཀྱི་སྒུལ་ཤུགས་སུ་འཁྲུངས།།
         བརྙན་འཕྲིན་ཟློས་གར་གང་ཞིག་གི་སྙན་ཞིང་འཇེབས་པའི་བརྗོད་དོན་གླུ་དང་དབྱངས་རྟས་ལྟ་མཁན་གྱི་ཡིད་སེམས་དབང་མེད་དུ་འགུག་ཐུབ་དགོས་པ་ནི་བརྙན་འཕྲིན་ཟློས་གར་གང་དེར་ལྟ་བ་པོས་དགའ་བསུ་ཐོབ་བྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་།དཔེ་དེ་བཞིན་དུ་བོད་རང་ཉིད་ཀྱིས་འཁྲབ་སྟོན་བྱས་པའི་བོད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་ཁ་སང་གི་གཏམ་རྒྱུད་ཀྱི་བརྗོད་དོན་གླུ་དབྱངས་དེ་གླུ་མ་རིག་འཛིན་སྒྲོལ་མའི་ངག་ལ་གྱེར་བས་ཟློས་གར་གྱི་བརྗོད་བྱ་དང་མི་སྣའི་སེམས་ཁམས།བརྩེ་དུངས་སོགས་ལ་རམ་འདེགས་བྱས་ཏེ་ལྟ་མཁན་ཁྲི་མ་འབུམ་གྱི་ཡིད་ཀྱི་བརྟན་པའང་བརྗོད་དོན་གླུ་དབྱངས་དང་ལྷན་དུ་དབང་མེད་དུ་ཤོར་འགྲོ་ལ།ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན། འདི་ནས་ཁ་སང་གི་ལོ་ཟླ་ཕྱིར་ལྟས་བྱས་ཆོགའདི་ནས་སང་ཉིན་གྱི་བགྲོད་ལམ་ལ་རྒྱང་ལྟ་བྱས་ཆོགཨ་མྱེས་ཀྱི་གནའ་གཏམ་ནི་ནམ་ལངས་ཀྱི་སྐྱ་རེངས་ཡིན།འདི་ནས་གསེར་མདོག་ཉི་ཟེར་ལ་རེ་སྒུག་བྱ་ཆོག་ཅེས་གླུ་ཚིག་བརྗོད་བྱ་དང་ཁ་འཕྲོད་ལ།གླུ་དབྱངས་ཀྱི་དབྱངས་རྟ་ཐོས་མ་ཐག་ཟློས་གར་གྱི་བྱུང་རིམ་དང་མི་སྣའི་སྣང་བརྙན་ཡིད་ཀྱི་སྣང་ངོར་ཤར་འོང་ལ་ཡིད་འགུག་གི་ནུས་པ་ཆེན་པོ་ལྡན་པས་མོའི་སྐད་ངག་གིས་མཛུབ་སྟོན་གྱི་དགེ་མཚན་བླ་ན་མེད་པ་ཞིག་ཐོན།།
         བོད་ཀྱི་སྒྱུ་རྩལ་ལ་དུངས་བ་ཟབ་ཅིང་སྒྱུ་རྩལ་གྱི་འཕྲིན་ལས་ལ་བློ་སེམས་རྩེ་གཅིག་གིས་གཞོལ་གྱིན་པའི་བོད་ཀྱི་སྒྱུ་རྩལ་པའི་སྐྱེས་མཆོག་དུ་མའི་ཐུགས་ཀྱི་འོ་མཚོ་ལས་འཁྲུངས་བའི་གངས་རིའི་སྐར་རྒྱན་ཞེས་སྒྱུ་རྩལ་གྱི་ལམ་ནས་མི་ཚེ་འོད་དུ་སྒྲོན་ཞིང་རྨི་ལམ་གྱི་འབྲས་བུ་མཚར་སྡུག་དོན་དུ་སྨིན་པའི་རེ་བའི་གར་སྟེགས་ཤིག་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བསྐྲུན།གར་སྟེགས་དེ་ཉིད་ཀྱི་སྙན་པའི་སྒོ་འཕར་ཐོག་མའང་ཕ་དམ་པའི་རུས་རྐང་ལུས་ལ་རྫོགས་ཤིང་དྲིན་མ་ལོའི་སྐད་ངག་ངག་ལ་འཛོམས་པའི་ཁ་བའི་གླུ་མ་རིག་འཛིན་སྒྲོལ་མའི་ངག་གི་པི་ཝང་དཀར་པོས་ཕྱེས་པ་རེད།གངས་རིའི་སྐར་རྒྱན་ནི་བོད་ཀྱི་གླུ་གཞས་ཀྱི་སྟེགས་བུ་ཀུན་ནས་ཆེས་རྩེར་སོན་པའི་བོད་ཁམས་གླུ་བའི་རྨི་ལམ་གྱི་གར་སྟེགས་ཤིག་ཡིན་ལ།སྟེགས་བུ་དེ་ཉིད་ཀྱི་སྟེང་དུ་འོད་དུ་འཚེར་བའི་སྐར་མ་འོད་ཆེན་ནི་དཔའ་རིས་བ་རིག་འཛིན་སྒྲོལ་མ་ཁོང་གཅིག་པུ་རེད།གངས་རིའི་སྐར་རྒྱན་གླུ་གཞས་ཀྱི་གར་སྟེགས་གསར་པ་དེ་བརྒྱུད་ནས་རིག་འཛིན་སྒྲོལ་མ་གླུ་དབྱངས་སྒྱུ་རྩལ་གྱི་ལམ་བུ་རུ་ཞུགས་ནས་བགྲང་བྱ་བཞི་ཙམ་འཁོར་བའི་རིང་གི་གྲུབ་འབྲས་ཙམ་གྱི་དོད་དུ་འབྲི་མོ་དུང་ཆུང་དཀར་མོ་ཞེས་པའི་མོ་རང་ཉིད་ཀྱི་སྒྱུ་རྩལ་གྱི་ཚད་མཐོ་ཤོས་ནས་འཁྲུངས་བའི་གླུ་དབྱངས་བཅུ་བདུན་ཅན་གྱི་བརྩམས་ཆོས་དེ་ཟེར་སྡེར་གྱི་རྣམ་པར་ཕབ་སྟེ་ལེའུ་སྟོད་སྨད་གཉིས་ཅན་བགོས་ནས་ཕབ་བསྐྲུན་འགྲེམ་སྤེལ་བྱས་པས་མ་ཚད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འཁོར་སྐར་འཕྲིན་ལམ་བརྒྱུད་ནས་ལྕགས་ཕོ་སྟག་གི་ལོ་ཡི་གནམ་ལོ་གསར་བའི་ཚེས་བཟང་དང་བསྡོངས་ནས་བོད་ཁམས་ཡོངས་སུ་སྒྲོག་གཏོང་བྱས་པར་བརྟེན་དཔའ་རིས་བ་རིག་འཛིན་སྒྲོལ་མ་ཞེས་པའི་བོད་པའི་ཕ་སྐད་གླུ་མ་གྲགས་ཅན་ཞིག་དཔའ་རིས་བའི་མཁའ་དབྱིངས་ནས་འོད་དུ་འཚེར་དེ་གངས་ཁ་བའི་ཡུལ་གྲུ་ཀུན་ཏུ་འོད་ཀྱི་ཐིག་ལེ་རེ་རེས་ཁྱབ་སོང་བས་བོད་ཀྱི་ཆེད་མཁས་དུ་མས་ཁོ་མོར་མཚོ་བྱུང་སྲས་མོ་ཞེས་མིང་དོན་མཐུན་པའི་སྙན་པའི་མིང་གིས་འབོད་ཀྱིན་ཡོད།
         ཁྱད་པར་དུ་བརྗོད་རིན་ཡོད་པའི་འཕྲིན་ལས་ཤིག་ནི་རིག་འཛིན་སྒྲོལ་མས་ཕ་ཡུལ་གྱི་ཡོད་ཚད་དུངས་ཞེན་གྱི་ཕུགས་སུ་རུམ་ཚེ་ཕྱི་ནང་གང་གི་ཆ་ནས་རྗེས་ལུས་ཀྱི་ཤུགས་ཆེ་བ་དང་ལྷག་པར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་ཉམས་ཉེས་ཚབས་ཆེན་སོང་ཡོད་པ་སེམས་ཀྱིས་བཟོད་མ་ཐུབ་པར།རང་ཉིད་ཀྱི་གླུ་དབྱངས་སྒྱུ་རྩལ་གྱི་ལམ་ཁ་ནས་ཐོབ་པའི་ཡོང་སྒོ་དག་ཆུད་ཟོས་སུ་མ་བཏང་བར།སྙིང་སྟོབས་དང་སྤོབས་པ་ཆེན་པོས་ཕ་ཡུལ་དུ་བོད་ཡིག་སློབ་ཆུང་ཞིག་གསར་འཛུགས་མཛད་དེ་དགེ་རྒན་གྱི་ཟླ་ཕོགས་དང་སློབ་གྲྭའི་འགྲོ་སོང་སོགས་ཁོ་མོ་གཅིག་པུས་འགན་ཁུར་ཞིང་།སློབ་གྲྭའི་སྦྱང་བྱ་གཙོ་བོའང་བོད་ཡིག་ཡིན་ལ།དེའི་ཁར་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་སྦྱང་བྱ་འཐུས་ཚང་བ་ཞིག་གི་འཕྲིན་ལས་བཟང་པོ་གཉེར་བཞིན་པ་ཡོད་པ་འདི་ནི་ཤ་རུས་བོད་ནས་མཆེད་པའི་བོད་མི་ཞིག་ཡིན་ཚེ་མིག་དཔེ་ལྟ་ས་ཞིག་དང་སེམས་བསམ་པའི་སྟེང་ནས་གུས་བཀུར་དང་རྗེས་སུ་ཡི་རངས་བྱེད་དགོས་པའི་གནས་ཤིག་ཏུ་ཅི་ལ་མི་འགྱུར་ཨང་། །
         མཇུག་མཐར་ཁ་བའི་གླུ་མ་དཔའ་རིས་བ་རིག་འཛིན་སྒྲོལ་མས་ཕ་དམ་པའི་རུས་རྐང་རླུང་ལ་མ་བསྐུར་ཞིང་མ་དྲིན་མོའི་སྐད་ངག་ངག་ལ་འགུག་བཞིན་གངས་རིའི་རང་གདངས་མ་ཉམས་ཤིང་མར་དྲི་དང་རྩམ་དྲི་མ་ཡལ་བའི་རང་སྐད་རྣལ་མའི་རྩོམ་ཆོས་གཙང་མ་དག་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་མགྲིན་ངག་སྙན་མོར་བརྒྱུས་ཏེ་འཛམ་གླིང་སྐྱེ་འགྲོ་ཕོ་མོའི་སྡུག་གི་མུན་པ་མཐའ་ནས་སངས་ཤིང་ཞི་བདེའི་གསོས་སུ་འགྱུར་ཞིང་དཔལ་དུ་སྨིན་པར་ཤོག །