གླུ་དབྱངས་ལ་འཁྱུད་པའི་མི་ཚེ།

རྩོམ་པ་པོ།   ཨོ་རྒྱན་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

        བོད་རིགས་གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་ནི་སྤྱི་ལོ1937ལོའི་ཟླ6པར་བོད་ལྗོངས་གཞིས་ཀ་རྩེའི་ཞིང་བྲན་ཞིག་གི་ཁྱིམ་ཚང་དུ་སྐྱེས།བྱིས་པའི་དུས་སུ་ཁྱིམ་ཚང་གི་ལྟོ་གོས་ཀྱི་ཆ་རྐྱེན་དེ་འདྲ་མི་བཟང་བས་དཀའ་ཁག་ཆེ་བའི་ཞིང་ལས་ལ་ཞུགས་པའང་ཡུན་ཐུང་མིན་མོད་ཆུང་དུས་ནས་གླུ་དབྱངས་ལེན་རྒྱུར་ཧ་ཅང་དགའ་ཞེན་ཆེ་བས་དུས་ནམ་ཡང་ལས་ཀ་ལས་ཞོར་དུ་དམངས་གླུ་དང་བཅས་པ་བླངས་ཏེ་ལུས་སེམས་གཉིས་ལ་ངལ་ཐང་ཆད་མ་མྱོང་།
སྤྱི་ལོ1956ལོའི་ཟླ་བ11པར་ལས་དོན་ནང་ཞུགས།ལོ་གཉིས་ཀྱི་རྗེས་སུ་རང་ལོ་ཉེར་གཅིག་ལ་སོན་པའི་ཁོང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་སློབ་མར་བསྡུས།དེ་ནས་བཟུང་དངོས་སུ་སྒྱུ་རྩལ་ལས་དོན་གྱི་འགྲོ་ལམ་ཐོག་བསྐྱོད་འགོ་ཚུགས།སྒྱུ་རྩལ་གྱི་ཤེས་བྱ་ཀུན་ལ་བརྩོན་པ་བླ་ལྷག་ཏུ་བསྐྱེད་ནས་རོལ་དབྱངས་ཤེས་བྱའི་རྨང་གཞི་བརྟན་པོ་ཚུགས།སློབ་མཐར་ཕྱིན་པའི་སྐབས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་མཁན་ཀྲོའུ་ཨེན་ལེས་ཁྱེད་རང་བོད་དུ་ལོག་ན་ལེགས།བོད་མི་དམངས་ལ་ཁྱེད་ཚོ་མཁོ་བ་དང་བོད་དུ་ཁྱེད་ཚོ་དང་འདྲ་བའི་སྒྱུ་རྩལ་པ་མང་པོས་ནུས་པ་འདོན་སྤེལ་བྱས་ཏེ་བོད་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ་རྒྱུ་རེད་ཅེས་བཀའ་མོལ་གྱིས་ཁོང་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་བོད་དུ་བསྐྱོད་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒྱུ་རྩལ་གྱི་ལམ་བུའི་ཐོག་གོམ་པ་སྤོ་འགོ་བརྩམས།ཁོང་གིས་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལས་དོན་རྣམས་འབད་པས་བསྒྲུབས་ཏེ་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་བལྟས་བལྟས་རིག་རིག་ལ་ཡར་རྒྱས་ཆེན་པོ་ཡོད་པས་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྐད་གྲགས་ཁྱབ་པའི་བོད་རིགས་ཀྱི་གླུ་གཞས་མཁས་ཅན་ཞིག་དང་གངས་རི་མཐོ་སྒང་ཐོག་གི་ས་གཞི་དྲོན་མོར་དྲི་ཟའི་སྒྲ་དབྱངས་སྒྲོག་པའི་ཕོ་ཉ་ཞིག་ཏུ་ཆགས། ཁོང་གི་གླུ་དབྱངས་རྣམས་ཀྱིས་མི་རབས་ཁ་ཤས་ལ་ཤུགས་རྐྱེན་ཐེབས་ཡོད་ལ་ཧི་མ་ལ་ཡའི་རོལ་དབྱངས་ཀྱི་རྗེས་འཛིན་པ་གྲངས་ལས་འདས་པ་ལ་གསོ་སྐྱོང་མཛད་ཡོད་པས་ཁོ་མོའི་ཡིད་སེམས་འཕྲོག་པའི་འགྱུར་ཁུག་ནི་གངས་རི་མཐོ་སྒང་ཐོག་གི་དྲི་ཟའི་སྒྲ་དབྱངས་དང་གཞན་ཕན་གྱི་ལྷག་བསམ་ནི་གངས་རིའི་རང་མདངས་དང་འདྲ་ཞེས་བསྟོད་པའི་ཆོ་ལོ་ཕུལ་དང་འབུལ་བཞིན་པ་རེད།།
        དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པར་བོད་རིགས་བུ་མོ་ཚེ་བརྟན་སྒྲོལ་མས་ཐེངས་དང་པོར་སྐད་གསང་མཐོན་པོའི་སྒོ་ནས་ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་ཞེས་པའི་སྐད་གྲགས་ལྡན་པའི་གླུ་དབྱངས་དེ་བླངས་པས།ཞིང་བྲན་ལམ་ལུགས་ཀྱི་སྨུག་སྤྲིན་མཐའ་ནས་སངས་པའི་གནས་ལུགས་བསྟན་ཞིང་དེང་རབས་ཀྱི་དབྱངས་རྟས་ཀུན་ནས་བརྒྱན་པའི་གླུ་དབྱངས་དེ་ལ་རྒྱལ་ཁབ་ཕྱི་ནང་གི་ཉན་པ་པོ་རྣམས་ཀྱིས་དང་ལེན་བྱས་པ་མ་ཚད་ཚད་མཐོན་པོ་ཡིས་བསྟོད་བསྔགས་བྱས།དེ་ནས་ཡར་ངོའི་ཟླ་བ་ལ་དཀར་མདངས་རྒྱས་པ་ནང་བཞིན་ཁོང་གི་གླུ་ཡི་དབྱངས་རྟ་སྙན་མོ་དེ་མེས་རྒྱལ་གྱི་འབྲི་ཆུའི་ལྷོ་བྱང་དུ་མཆེད་དེ་སྐྱེས་བོ་རབ་འབྲིང་མཐའ་གསུམ་ལ་བག་ཆགས་ཟབ་མོ་བཞག་སྟེ་ལོ་རབས་ཕྱེད་ཀའི་ནང་ལ་ཁོང་ནི་ཀྲུང་གོ་གསར་པའི་གྲངས་ཉུང་མི་རིགས་ཀྱི་ཨང་དང་པོའི་གླུ་དབྱངས་མཁས་པའི་གྲས་སུ་ཚུད་པས་ཀུན་གྱིས་མཐོང་ཆེན་དང་གདེང་འཇོག་ཆེན་པོ་བྱས།དེ་ཡང་ཚེ་བརྟན་སྒྲོལ་མས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ནུས་རྩལ་འཇོན་ཐང་དང་བོད་མིའི་ཁྱད་དུ་འཕགས་པའི་ཡ་རབས་སྤྱོད་པ་བཟང་པོས་རྒྱབ་ཁབ་ཕྱི་ནང་གི་གཟིགས་མོ་བ་དུང་ཕྱུར་མང་པོའི་རྣ་དབང་འཕྲོག་ལ་ཡིད་སེམས་འགུག་པས་རྒྱལ་ཁབ་ཕྱི་ནང་གི་སྙན་པའི་གྲགས་པ་འབར་བའི་སྒྱུ་རྩལ་པ་མཁས་ཅན་ཞིག་ལ་འགྱུར་བ་རེད།
        1974ལོ་ནས1981ལོ་བར་བོད་རང་སྐྱོང་ལྗོངས་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས།1988ལོ་ནས1993ལོ་བར་སྔ་རྗེས་སུ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི།བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་རོལ་དབྱངས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ།བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སོགས་ཀྱི་གོ་གནས་བཞེས།1996ལོར་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པ་དང་སྐབས་བརྒྱད་པའི་ཨུ་ཡོན་དུ་བདམས།
        སྤྱོད་ཡོན་གཉིས་ཀའི་ཐོག་ནས་བོད་མི་དམངས་ཀྱི་ཕུལ་བྱུང་མི་སྣ་ཡིན་པས་2008ལོར་ཀྲུང་གོ་པེ་ཅིན་ཨོ་ལིག་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་མཁན་དུ་བདམས།
        འདས་པའི་དུས་ནང་ལ་ཁོང་གིས་རང་རྒྱལ་གྱི་ཚབ་གནང་ནས་ཁོང་ཀོ་དང་།དེ་སྔའི་སུའུ་ལེན།ཕོ་ལན།རོ་མ་ནི་ཡ།ཨ་མེ་རི་ཁ།དབྱིན་ཇི།འཇར་མན།ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་འཚམས་འདྲི་ཞུ་བར་ཕེབས་ཏེ་རིག་གནས་ཀྱི་ཕོ་ཉ་ཞིག་གི་ཚུལ་གྱིས་བྱ་གཞག་རླབས་པོ་ཆེ་གང་མང་མང་ཞིག་བསྒྲུབས་པ་མ་ཚད་ཁོང་གིས་དེ་སྔོན་བོད་རིགས་ཀྱི་འཐུས་ཚབ་གནང་ནས་པེ་ཅིན་དུ་ཕེབས་ཏེ་རྒྱལ་ཁབ་རིམ་པའི་འཁྲབ་སྟོན་གལ་ཆེན་ནང་ཞུགས་པ་དང་རོལ་དབྱངས་ཟློས་གར་གྱི་ལོ་རྒྱུས་སྙན་ངག་ཆེས་གྲས《ཤར་ཕྱོགས་དམར》ཞེས་པའི་འཁྲབ་སྟོན་ནང་ཞུགས་མྱོང་ལ་དང་གླུ་གར་ཆེ་གྲས་《རལ་བའི་བརྩེ་སེམས》ཞེས་པའི་སྣེ་ཁྲིད་གཞས་གཏོང་མཁན་གནང་།     ཏང་གི་ཉི་འོད་སྦྲང་ཆར་འོག་འཚར་ལོངས་བྱུང་བའི་ཚེ་བརྟན་སྒྲོལ་མའི་གླུ་གཞས་རེ་རེའི་ཐོག་ནས་བརྩེ་དུང་གི་རྣམ་པ་ཟབ་མོ་ཞིག་མངོན་ཞིང་།ཁོང་གིས་བླངས་བའི《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་ནང་དཀའ་སྡུག་མྱང་པའི་ཞིང་འབྲོག་མང་ཚོགས་ལ་རང་ཁྱིམ་རང་བདག་བྱུང་བའི་དགའ་སྤྲོའི་རྣམ་པ་མཚོན་ཡོད་པ་དང་།《པེ་ཅིང་གསེར་གྱི་རི་ལ》ཞེས་པའི་ནང་བོད་རིགས་སྤུན་ཟླས་ཏང་ལ་ཐུགས་རྗེ་ཆེ་ཞུ་ལུགས་ཀྱི་སེམས་པ་མཚོན་པར་བྱས་པ།《ཨ་མ་གཅིག་གི་བུ་མོ》ཞེས་པ་ཡིས་བོད་རྒྱ་མི་དམངས་བར་གྱི་མཐུན་སྒྲིལ་བརྩེ་སེམས་ལ་བསྟོད་གླུ་ཕུལ་ཡོད།
        ཚེ་བརྟན་སྒྲོལ་མས་དུས་རྒྱུན་དུ་རང་ཉིད་འཚར་ལོངས་བྱུང་བ་ནི་གསར་བརྗེའི་རྒན་རབས་ཀྱིས་ཐུགས་ཁུར་གནང་བ་དང་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་ཁ་བྲལ་མི་ཐུབ།དེའི་རྐྱེན་གྱིས་ང་རང་གིས་གླུ་དབྱངས་ལེན་ནས་ཚང་མས་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཆེ་ཞུས་རྒྱུ་ཡིན།ལས་འཁྱུར་ངལ་གསོ་བྱེད་ཀྱང་ད་དུང་མུ་མཐུད་ནས་གླུ་དབྱངས་ལེན་པར་འདོད་མོས་ཆེན་པོ་འདུག་གོ་ཞེས་གསུངས་ལ་དོན་དུའང་དེ་ལྟར་སྒྲུབ་བཞིན་ཡོད་དོ།།   
ཁོ་རང་ལ་ཆ་བཞག་ན་ལུས་པོ་བདེ་ཐང་མིན་པའི་རྐྱེན་གྱིས་དུས་ཡུན་རིང་པོར་པེ་ཅིན་དང་ཁྲེང་ཏུའུ་རུ་བསྡད་དགོས་ཀྱང་དུས་ནམ་ཡང་ཕ་ཡུལ་གྱི་རི་ཆུ་མིག་ལམ་དུ་ཤར་བས་ཡུལ་དུ་ལོག་པའི་གོ་སྐབས་བྱུང་ཐེངས་རེར།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་སུམ་ཅུའི་རིང་ལ་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་སོགས་མཐོང་དུས་ཁོང་གིས་སྔོན་མར་གླུ་དབྱངས་ལེན་རྒྱུ་ནི་ཡར་ལངས་ཞིང་བྲན་ཞེས་པ་དེ་ཡིན་ཡང་ད་ནས་གླུ་དབྱངས་བླངས་ནས་ཏང་ལ་བཀའ་དྲིན་ཆེས་ཞུ་རྒྱུ་ཡིན་ཞེས་གསུངས།   དུས་ད་ལྟར་ཡང་ཁོང་གིས་བླངས་པའི་《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》དང་།《གླུ་ཞིག་བླངས་ནས་ཏང་ལ་འབུལ》《པེ་ཅིན་གསེར་གྱི་རི་ལ》《ཨ་མ་གཅིག་གི་བུ་མོ》《ང་ཚོ་འདི་ལ་འཛོམས་འཛོམས》《གུང་ཁྲན་ཏང་ཕེབས་ནས་བཟུང་སྡུག་བསྔལ་དེ་བདེ་སྐྱིད་ལ་བསྒྱུར་སོང་།》《མཛེས་པའི་བོད་ལྗོངས་གཅེས་པའི་ཕ་ཡུལ》བཅས་གླུ་གཞས་མང་པོ་བྲག་ཅར་འཁོར་བ་ལྟར་དུས་ཡུན་རིང་པོར་ང་ཚོའི་རྣ་ལམ་དུ་གྲག་གིན་ཡོད།།